ཀྲུང་གོ་བོད་ཀྱི་དྲ་བ།

གཞོན་པའི་ཉམས་འཁྱོངས་པར་བྱ་བའི་མན་ངག་ལྔ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་ཞིག་གིས་རྟག་པར་འདི་ལྟར་རྩད་འདྲི་བྱས། “མི་ཞིག་ན་ཚོད་གང་ལ་སླེབས་དུས་ད་གཟོད་རྒས་ནས་གཞོན་པའི་ལང་ཚོ་ཉམས་ཟིན་པ་རེད།”

རྩོམ་པ་པོ་ཞིག་གིས་དེ་ལ་ལན་འདི་ལྟར་བཏབ། “ལང་ཚོ་ནི་མཛེས་སྡུག་གི་ཞལ་རས་དང་ལྡེམ་མཉེན་གྱི་ལུས་ཕུང་མིན་པར། ལང་ཚོ་ནི་ཟབ་བརླིང་གི་བློ་སྟོབས་དང་། དཀྱེལ་ཡངས་ཀྱི་བསམ་གཞིག དྭངས་གཙང་གི་བརྩེ་བ་བཅས་སོ།”གཞོན་ཉམས་ནི་འཇའ་རིས་བཞིན་ཡལ་སླ་བའི་སྐྱེ་གཟུགས་དང་ལོ་ཟླ་དེ་མིན་ལ། སེམས་ཁམས་ཤིག་ཡིན། འདིར་གཞོན་ཉམས་འཁྱོངས་པའི་མན་ངག་ལྔ་འོས་སྦྱོར་བྱ། སེམས་ཁམས་གཞོན་གྱུར་ན། ལོ་ཟླ་རྒས་མི་སྲིད།

གཅིག བྱིས་བློའི་མདངས་མི་ཉམས་པར་འཛིན་པ།

བྱིས་བློ་ནི་ན་ཚོད་དང་འབྲེལ་བ་མེད་པར། གསོན་སྟོབས་ཀྱི་ཉམས་ཀྱིས་བརྟས་པའི་ཚེ་སྲོག་གི་ངང་ཚུལ་ཞིག་གོ སྐྱ་མདོག་གི་མིག་ཤེལ་གྱོན་ནས་འཇིག་རྟེན་ལ་བལྟས་ན། འཚོ་བར་ཡང་ཚོན་མདོག་མེད་ཅིང་། གསོན་ཉམས་བྲལ་བ་ཞིག་ཏུ་འགྱུར་ངེས། གལ་ཏེ་བྱིས་བློ་ལྟ་བུའི་ནང་སེམས་དྭངས་མ་ཞིག་ལྡན་གྱུར་ན། འདྲེན་བྱེད་དབང་པོའི་ལྟ་སྒོ་བརྒྱབ་གྱུར་ཀྱང་། མཚར་སྡུག་རྣམ་པར་བཀྲ་བའི་དཔྱིད་ཀྱི་མཛེས་པ་ཉམས་དགའ་བ་ཞིག་འཆར་ཡན་གྱིས་བཞེངས་ནུས།

ན་སོ་སོན་རྗེས་ད་དུང་བྱིས་བློའི་མདངས་མ་ཡལ་བ་ཞིག་འཁྱོངས་རྒྱུ་ནི་དཀོན་པའི་རྒྱུ་ལས་མ་འདས་པ་ཞིག་རེད། དེ་ནི་བྱིས་པའི་བརྟུལ་ཞུགས་འཛིན་པ་མ་ཡིན་ཞིང་། འཇིག་རྟེན་མི་རྟག་པའི་འགྱུར་ལྡོག་གི་བྲོ་བ་མྱངས་རྗེས། ད་དུང་བདེན་དགེ་མཛེས་གསུམ་ལ་ཡིད་ཆེས་ཀྱི་དད་པ་འཁོར་སྟངས་ཤིག་གོ ། ནམ་ཡིན་ཡང་དོན་དངོས་ལ་མཚར་སྣང་གི་སེམས་སྐྱོང་མཁན་དེ་ནི་བདེ་སྐྱིད་དང་ཆེས་ཉེ་སར་གནས་པའི་མི་དེ་ཡིན་ཏེ། བདེ་སྐྱིད་དང་གཞོན་ཉམས་ནི་ཉི་མ་དང་པད་མ་བཞིན་དུ་འབྲེལ།

གཉིས། འཛུམ་མདངས་ཀྱི་མེ་ཏོག་བཞད་གྱུར་ན་གཞོན་ཉམས་ཀྱི་དཔལ་རྒུད་མི་འགྱུར།

རྒྱུན་ལྡན་འཚོ་བའི་ནང་མི་ལ་ལ་དགོད་རྒྱུར་མི་དགའ་བ་དང་དགའ་མོས་ཅན་གྱི་བྱ་ལས་ཅི་ཡང་མེད་ལ། འཚོ་བ་ལ་དོན་སྙིང་མི་འདུག་བསམ་པས་ན་ཚོད་ཕྲ་ན་ཡང་། རྒས་ཉམས་དོད་པའི་ཚོར་བ་ཞིག་སྟེར་སྲིད།

དོན་དམ་དུ། ཁྱོད་ཀྱིས་སྨིན་མ་བསྡུ་བ་དང་སྨྲེ་སྔགས་འདོན་ཐེངས་རེ་ནི་ལོ་ཟླས་བཙན་འཛུལ་གྱི་གོ་གླགས་རྙེད་ཐེངས་རེ་རེད། འཚོ་བ་ལ་དགའ་ཞེན་རྣལ་མ་ཅན་ཞིག་ཡིན་ན། དཀའ་སྡུག་གི་ལོ་ཟླ་ཇི་ལྟར་བརྒྱུད་ཀྱང་། ཁོ་ཚོས་རང་གནོང་རང་འགྱོད་ལ་མི་བྲེལ་བར། གོ་སྐབས་ཕྲན་བུ་ཙམ་ཞིག་ཡིན་ཡང་དམ་འཛིན་ལེགས་པོ་བྱས་ཏེ་ཚེ་སྲོག་གི་མཛེས་སྡུག་ལ་ལོངས་སྤྱོད་ཀྱི་ཆོ་ག་སྤེལ། ཁྱོད་ཀྱིས་བྱ་དངོས་ཀུན་ལ་འཛུམ་མདངས་ཀྱིས་གདོང་ལེན་ཐུབ་སྐབས། ཁྱོད་ཀྱི་དཀའ་སྡུག་གི་མཚན་ལམ་རིང་མོ་ལ་ད་གཟོད་བདེ་སྐྱིད་ཀྱི་སྐྱ་རེངས་བསུ་བའི་སྐལ་བ་ལྡན།

གསུམ། མོས་སྟོབས་ཀྱིས་ལོ་ཟླ་ལ་རྒོལ་བར་ནུས།

ཁོམ་གསེང་གི་དུས་ཚོད་གཏོང་སྟངས་ལས་མི་ཞིག་གི་མི་ཚེའི་སྤུས་ཚད་མངོན་ཡོད་དེ། ལ་ལ་ནི་ཐམ་མེ་ཐོམ་མེར་དམིགས་ཡུལ་ཅི་ཡང་མེད་པ། ཉིན་གོང་པོའི་རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་དེ་ཁ་པར་ལ་གཡེངས་ནས་མི་ཚེའི་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་གཏོང་བར་གོམས།

གལ་ཏེ་ཉིད་ལ་གླུ་ལེན་དང་རྩོམ་འབྲི། ལུས་ཕུང་སྦྱོང་བརྡར་བཅས་ཀྱི་དགའ་མོས་ཅན་གྱི་བྱ་བ་ཞིག་ཡོད་གྱུར་ན། ཁྱོད་ཀྱིས་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་བསྐྲུན་ཆོག

མི་ཞིག་རང་ཉིད་དགའ་མོས་ཡོད་པའི་ལས་ཤིག་སྒྲུབ་སྐབས་མི་དེའི་རང་སྟེང་ནས་ཡ་མཚན་གྱི་གཟི་འོད་ཅིག་འཕྲོ་རུ་འཇུག་ནུས། ན་ཚོད་གང་དུ་སོན་ཀྱང་ཁོང་ཚོ་ནི་དགའ་ཞེན་དང་མཚར་སྣང་དེས་ཁྱད་འཕགས་དུ་མངོན་ཡོད་ལ། དགའ་ཞེན་དེས་ལོ་ཟླ་དང་རྒོལ་བར་ནུས་སོ།།

བཞི། བྱ་དངོས་གསར་པར་སློབ་སྦྱོང་གི་བརྩོན་འགྲུས་ཆེ་དགོས།

རིག་པ་ནངས་པར་འཆི་ཡང་བསླབ་ཅེས་གསུངས་པ་ལྟར། ན་ཚོད་གང་ལ་སོན་ཀྱང་སློབ་སྦྱོང་གི་རྒྱུན་ཆད་པ་མེད་པར་བྱ་དགོས་ཏེ། དེ་ནི་རོལ་ཆ་གསར་པ་ཞིག་བསླབས་པ་དང་སྐད་རིགས་གསར་པ་ཞིག་སྦྱོང་བ་ཡིན་ཆོག་ལ། སྔོ་ཚལ་རིགས་གསར་པ་ཞིག་གི་གཡོས་སྦྱོར་བྱེད་ཚུལ་བསླབས་པའང་ཡིན་ཆོག མི་ཞིག་གིས་ལོ་ཉི་ཤུ་ནས་བཟུང་སློབ་སྦྱོང་གི་མཚམས་བཅད་པ་ཡིན་ན། དེ་ནི་རྒས་ཟིན་པ་དང་ཁྱད་པར་མེད། གལ་ཏེ་མི་ཞིག་དགུང་ལོ་བརྒྱད་ཅུ་ལོན་ཀྱང་ད་དུང་ཤེས་འདོད་ཀྱི་བློ་མཚོ་སྐམ་གྱུར་མེད་ན། དེའི་གཞོན་པའི་དཔལ་རྒུད་པ་མེད་པར་མངོན།

ཁྱོད་ཀྱིས་ཉི་མ་རེ་རེ་བཞིན་དུ་བྱ་དངོས་གསར་པར་སློབ་སྦྱོང་གི་རྒྱུན་ཆད་པ་མེད་པར་བརྩོན་པ་བགྱིས་ན། ཉིད་ཀྱང་ཞོགས་པའི་ཉི་གཞོན་ཇི་བཞིན་སྐྱེ་སྟོབས་ཀྱིས་ཁེངས་ངེས།

ལྔ། མཛེས་ཞེན་གྱི་སེམས་ཤིག་ལྡན་དགོས།

མཛེས་སྡུག་ནི་ལང་ཚོའི་གཅེས་མིང་མ་ཡིན་པར། དེ་ནི་ཡར་སྐུལ་བརྩོན་ལེན་གྱི་མི་ཚེའི་ལྟ་བ་ཞིག་དང་འཚོ་བའི་རྣམ་པ་ཞིག་གོ མི་ཞིག་ན་སོ་གང་ལ་སོན་ཀྱང་མཛེས་ཞེན་གྱི་སེམས་ཁམས་ཤིག་སྲུང་བར་བྱ་དགོས་ཏེ། གྲལ་དག་སྤུས་གཙང་དང་གྱོན་སྟངས་ཚུལ་མཐུན་ཡིན་ན་གཞན་ལ་བརྩི་བཀུར་དང་རང་སེམས་སྤྲོ་བའི་རྒྱུ་རུ་འགྱུར་ཐུབ།

བྲེལ་ཟིང་དང་དུས་ཚོད་མེད་པར་ཁ་གཡར་ནས། རང་གི་གཟུགས་བྱད་དང་ལུས་ཀྱི་ལྗིད་ཚད་ཀྱི་དོ་དམ་ལ་འཐུས་ཤོར་འབྱུང་བར་མི་བྱ། མི་ཞིག་གི་ལུས་བྱད་དང་རྣམ་པ་ཡག་པོ་དེ་རྒྱུན་འཁྱོངས་ལེགས་པོ་ཐུབ་ན། ན་སོ་གང་ལ་སོན་ཀྱང་གཞོན་ཉམས་དོད་པོ་ཡོང་ངེས། ནམ་ཞིག་ཁྱོད་རང་སྔར་ལས་རང་གཅུན་ལྡན་པར་གྱུར་ན། ཁྱོད་ལ་ལོ་ཟླའི་དམིགས་བསལ་གྱི་གཅེས་འཛིན་དང་བྱམས་སྐྱོང་ཐོབ་ཡོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།