ཀྲུང་གོ་བོད་ཀྱི་དྲ་བ།

​འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་མ་ཟོས་ན་ལུས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་གང་དག་བཟོ་བ་ཡིན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཚོ་བཅུད་ཀྱིས་མི་འདང་བ། བུད་མེད་མང་ཆེ་ཤོས་ཀྱིས་འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་མི་ཟ་བར་མ་ཟད། ཀྲོ་མ་ཀྲུ་དང་རྡོ་ཀུབ་སོགས་ཐཱན་ཆུ་འདྲེས་སྦྱོར་རྫས་འདུས་ཚད་ཉུང་བའི་ཟས་རིགས་ཁ་སྣོན་བྱས་པ་ཙམ་གྱིས། སྲོག་ཆགས་ཀྱི་རྫས་གྲུབ་ཟས་རིགས་དང་སྲན་གྲུབ་རྫས་ཇེ་མང་དུ་གཏོང་གིན་མེད། དེ་ལྟར་བྱས་ན་ལྟོག་ཚོར་བསྐྱེད་ཅིང་སྤྲི་དཀར་རྫས་ཀྱི་གཞིབ་ལེན་ཚད་ཚབས་ཆེན་པོས་ཇེ་དམའ་རུ་འགྲོ་བའི་གནད་དོན་འབྱུང་བ་དང་། དུས་མཚུངས་སུ་འཚོ་རྒྱུ་དང་གཏེར་རྒྱུ་རིགས་མང་པོས་མི་འདང་བའི་གནད་དོན་བསྐྱེད་པ་ཡིན།

རྒས་སླ་བ། ཐཱན་ཆུ་འདྲེས་སྦྱོར་རྫས་ཀྱི་འདུས་ཚད་དམའ་དྲགས་པས་ཐོང་ནད(酮症)བསྐྱེད་ཅིང་། སྐྱི་པགས་ཇེ་སྡུག་ཏུ་འགྲོ་བ་དང་མགོ་སྐྲ་ལྷུང་ཚད་ཇེ་མང་དུ་འགྲོ་སྲིད། སྔོ་ཚོད་དང་སིལ་ཏོག་མ་གཏོགས་མི་ཟ་བའི་བུད་མེད་ཀྱི་ཁྲོད་དུ། ཁ་ཅིག་ལ་འཚོ་བཅུད་ཀྱིས་མ་འདང་བ་དང་ལྕགས(铁)ཀྱི་མཁོ་འདོན་མ་འདང་བར་བརྟེན་ནས་ཟུངས་ཁྲག་ཉམས་པ་དང་ཟླ་མཚན་ཆད་པ། བསམ་བསེའུ་འཁུམ་པ་སོགས་ཀྱི་གནས་ཚུལ་འབྱུང་བས་མྱུར་དུ་རྒས་སླ་བ་རེད།

ཀླད་པ་ཉམས་པ། འབྲས་དང་ཕྱེ་ཡི་རིགས་ཀྱི་གཙོ་ཟས་ཟོས་པ་ཉུང་ཚེ། ཐཱན་ཆུ་འདྲེས་སྦྱོར་རྫས་བསྟེན་པ་ཙམ་ཀྱིས་ལུས་པོའི་དགོས་མཁོ་སྐོང་མི་ཐུབ་པར་ལུས་ཁམས་སུ་དངོས་རྒྱུ་གལ་ཆེན་གྱིས་མི་འདང་བའི་གནས་ཚུལ་འབྱུང་བ་སྟེ། དཔེར་ན་རྒུན་འབྲུམ་གྱི་མངར་ཆ་ཉུང་དུ་སོང་བས་ཀླད་པས་བསམ་གཞིག་གཏོང་བར་ཤུགས་རྐྱེན་བཟོ་བ་ཡིན།

གཅིན་སྙི་ཟ་ཁུའི་ནད་འབྱུང་སླ་བ། གཅིན་སྙི་ཟ་ཁུའི་ནད་བྱུང་བའི་ནད་པའམ་ཡང་ན་རང་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་དོགས་ཆེ་བའི་མི་རྣམས་ཀྱིས་བསམ་གཟས་ནས་འབྲས་དང་ཕྱེ་ཉུང་ངུར་བཟའ་ཞིང་། དེ་ལྟར་བྱས་ན་མངར་ཆ་བསྟེན་ཚད་ཉུང་དུ་བཏང་ཡོད་སྙམ་བཞིན་ཡོད། དོན་ངོ་མར་ནད་པས་འབྲས་དང་ཕྱེ་ཡི་རིགས་བསྟེན་ཚད་ཉུང་དྲགས་ཏེ་ལུས་པོ་རྒྱུན་པར་ལྟོག་ཚོར་གྱི་རྣམ་པར་གནས་སུ་བཅུག་ན། འགྱུར་འབྱུང་རང་བཞིན་གྱི་ཁྲག་ཧྭགས་མཐོ་བའི་ནད་བསྐྱེད་ཅིང་། ནད་འགོག་ནུས་པ་ཇེ་ཞན་དུ་གཏོང་བ་ཡིན། འདི་ལྟར་དུས་ཡུན་རིང་པོ་སོང་ཚེ། ནད་པའི་ལུས་པོ་སྐམ་རིད་དུ་འགྱུར་ཞིང་ཚིལ་རྒྱུ་སོར་སྐྱེ་བྱེད་པ་དང་། ད་དུང་ཚིལ་མཐོའི་ཁྲག་ནད་སོགས་ཞར་བྱུང་ནད་ཀྱང་བསྐྱེད་སླ་བ་ཡིན།

རྒྱུ་མའི་འབྲས་སྐྲན་འབྱུང་བ། འབྲས་ཆན་མི་བཟའ་བར་ལྟོ་སྟོང་དུ་ཉ་ཤ་སོགས་སྤྲི་དཀར་རྫས་འདུས་ཚད་མཐོ་བའི་ཟས་རིགས་མང་དུ་བསྟེན་ཚེ། སྤྲི་དཀར་རྫས་ཆུད་ཟོས་སུ་གཏོང་བར་མ་ཟད་ལུས་ཀྱི་སྙིགས་རྫས་ཇེ་མང་དུ་གཏོང་བས། སྤྲི་དཀར་རྫས་དབྱེ་ཕྲལ་བྱུང་རྗེས་ཏན(氮)འདུས་སྙིགས་རྫས་མང་དུ་འབྱུང་བ་དང་། དེ་མིན་ད་དུང་མཆིན་པ་དང་མཁལ་མའི་འགན་ཇེ་ལྗིད་དུ་གཏོང་བ་དང་། རྒྱུ་ཆེན་ནང་གི་རུལ་སྲིན་འཕེལ་བར་ཡང་སྐུལ་བས། རྒྱུ་མའི་སྐྱེ་ཁམས་ཕྲ་མོའི་དོ་མཉམ་ལ་ཤུགས་རྐྱེན་ཐེབས་ཤིང་། རྒྱུ་མའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་ལ། ཚིལ་གཞིབ་ལེན་བྱེད་ཚད་མང་དྲགས་པ་ལས་ལོང་གའི་འབྲས་སྐྲན་ཡང་འབྱུང་སླ་བ་རེད། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།