དུས་ཡུན་རིང་པོར་ངལ་དུབ་ཀྱིས་མནར་ན་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད།

ཚན་རྩལ་གྱི་འཕེལ་རྒྱས་གློག་ལྟར་མྱུར་བའི་དེང་གི་དུས་འདིར།མི་རྣམས་ཀྱི་བྱ་བའི་གོམ་འགྲོས་ཇེ་མགྱོགས་ནས་ཇེ་མགྱོགས་ཡིན་པ་དང་། སེམས་ཀྱི་གནོན་ཤུགས་ཇེ་ཆེ་ནས་ཇེ་ཆེ་ཡིན་པས།“ངལ་དུབ་ཀྱི་དབང་གིས་ཚོ་རྒྱས་པ”དང“ངལ་དུབ་ཀྱི་དབང་གིས་ཤི་བ”སོགས་ཀྱི་བདེ་ཐང་གནད་དོན་མི་ཉུང་བ་འབྱུང་གིན་འདུག

“ངལ་དུབ་ཀྱིས་མནར་བ”ཡིས་མི་རྣམས་ཀྱི་བདེ་ཐང་ལ་ཇི་ལྟར་འཚེ་བཞིན་ཡོད་དམ་ཞེ་ན། ངལ་དུབ་ཀྱིས་མནར་བའི་མི་རྣམས་རྒྱུན་དུ་ལས་ཡུན་ཁ་སྣོན་བྱེད་པ་དང་མཚན་བསྐྱལ་བ། འགྲུལ་པ་སྣེ་ལེན་བྱེད་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད་པ་དང་། དུས་ཡུན་རིང་པོར་ངལ་བར་མི་འཛེམ་པར་ཐེག་ཚད་ལས་བརྒལ་ཏེ་བྱ་བ་བསྒྲུབས་པའི་ཁར་འཚོ་བ་རོལ་སྟངས་མི་ལེགས་པ་ཡིས། ལུས་པོར་དུས་ལྟར་ངལ་གསོ་བྱེད་དབང་མ་བྱིན་པར་མ་ཟད་འཚོ་བཅུད་ཀྱང་ཁ་གསབ་མ་བྱས་པས་ན། ལུས་པོའི་ཕྲ་ཕུང་སྔ་སྣུར་གྱིས་རྒས་འགྱུར་བྱུང་སྟེ་སྔ་མོ་ནས་ཚེ་སྲོག་གི་རྒྱུན་ཆད་ངེས་རེད། གཤམ་དུ་བཀོད་པའི་ནད་རྟགས་འདི་དག་ནི་ངལ་དུབ་ཀྱིས་མནར་བའི་ཉེན་བརྡ་ཡིན་པས་མཉམ་འཇོག་ལེགས་པོ་བྱེད་དགོས།

གཅིག ལྟོ་བ་ཕྱིར་འབུར་བ།

ལོ30ནས50ཡི་བར་གྱི་མིའི་ལྟོ་བ་ཕྱིར་འབུར་ན།དེ་དང་བསྡོངས་ནས་ཁྲག་ཚིལ་མཐོ་བའི་ནད་དང་མཆིན་པ་ཚིལ་འགྱུར།ཁྲག་ཤེད་མཐོ་བའི་ནད། པྲོག་དབྱིབས་སྙིང་ནད་སོགས་འབྱུང་སླ་བ་དང་།དེ་ལས་གཞན་ད་རུང་ཚོད་འཛིན་བྱེད་ཐུབ་པའི་བྱ་སྤྱོད་དེ་དཔེར་ན་ཁྲག་ཧྭགས་རྒྱུན་ལྡན་མིན་པ་དང་ལུས་པོའི་ལྗིད་ཚད་མཐོ་བ།ཚོ་རྒྱས་པ།དུ་བ་འཐེན་པ་སོགས་རྒྱུན་ལྡན་མ་ཡིན་པའི་ངལ་གསོ་བྱེད་སྟངས་དང་བཟའ་བཏུང་སྤྱོད་སྟངས་འདི་དག་གིས་པྲོག་དབྱིབས་སྙིང་ནད་འབྱུང་བའི་ལོ་ཚོད་སྔོན་ཆད་ཀྱི་ལོ40ཡན་ཆད་ནས་རིམ་གྱིས་ལོ་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་ཡོད།གོང་གི་རྒྱུ་རྐྱེན་དེ་དག་ལ་ཚོད་འཛིན་ལེགས་པོ་བྱས་ན།པྲོག་དབྱིབས་སྙིང་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ།

གཉིས། རྒྱུན་ལྡན་མིན་པར་སྐྲ་ལྷུང་བ།

ཐེག་ཚད་ལས་བརྒལ་ཏེ་བྱ་བ་སྒྲུབ་པ་དང་དུས་ཡུན་རིང་པོར་ཤ་སྒྲིམ་ན།རྒྱུན་ལྡན་མིན་པར་སྐྲ་ལྷུང་བ་དང་མགོ་ལ་ཁྲ་ཐིག་འབྱུང་བའི་སྡུག་བསྔལ་དང་འཕྲད་སྲིད།ནང་སྒོས་སུ་ན་གཞོན་བུད་མེད་རྣམས་ལ་མཚོན་ན་དེ་ལྟར་རོ།།

སྐྲ་སྐྱེས་པ་དང་ལྷུང་བར་དུས་འཁོར་ཡོད་དེ།ལུས་ཕུང་བདེ་ཐང་ཡིན་པའི་མི་དར་མ་ཡི་སྐྲའི་ཆ་སྙོམས་ཀྱི་འཚར་སྐྱེ་དུས་འཁོར་ལོ3ནས4ཡིན་པས། སྐྲ་རྐང་རེ་རེར་ལོ3ནས4སྟེ་ཕལ་ཆེར་ཉིན1000ལྷག་གི་ཚེ་ཐག་ལས་མེད།དུས་འཁོར་གཅིག་མཇུག་རྫོགས་པ་དེས་དུས་འཁོར་གཞན་ཞིག་གི་མགོ་བརྩམས་པ་མཚོན་ཡོད་པས།མགོ་སྐྲ་ལྷུང་བ་ནི་རྒྱུན་ལྡན་ཞིག་ཡིན་མོད།འོན་ཀྱང་ཆུན་པོ་དང་ཆུན་པོར་ལྷུང་བ་ནི་རྒྱུན་ལྡན་མིན།དེའི་རྒྱུན་མཐོང་གི་རྒྱུ་རྐྱེན་ནི་མཚན་བསྐྱལ་བ་དང་འཕྱི་ཉལ་བྱས་པ་ལས་པགས་ཚིལ་གྱི་ཟགས་ཐོན་བྱེད་ནུས་ཇེ་དྲག་ཏུ་སོང་བས། ཚིལ་འཕྱུར་རང་བཞིན་གྱི་སྐྲ་ལྷུང་བའི་གནས་ཚུལ་བྱུང་བ་རེད། གཞན་ད་རུང་རྒྱུན་མཐོང་གི་ཁོང་ནད་དེ་དཔེར་ན་མཆིན་པ་དང་མཁལ་མའི་བྱེད་ནུས་ཉམས་པ་དང་ཨོལ་རྨེན། ནང་གི་ཟགས་ཐོན་འཁྲུག་པ་སོགས་ཀྱིས་ཀྱང་སྐྲ་ལྷུང་བ་དང་ཐ་ན་མགོ་ལ་ཁྲ་ཐིག་འབྱུང་བའི་གནས་ཚུལ་འབྱུང་བ་རེད།དེ་བས་མགོ་སྐྲ་ལྷུང་བ་ཚབས་ཆེན་ཡིན་པ་དང་ཐ་ན་ཁྲ་ཐིག་འབྱུང་བའི་སྐབས་སུ་ངེས་པར་དུ་མཐོང་ཆེན་བྱེད་དགོས།

གསུམ། གཅིན་ཟགས་པ།

ལོ30ནས40བར་གྱི་མི་དར་མ་ཞིག་ཡང་ནས་བསྐྱར་དུ་སྤྱོད་ཁང་དུ་བརྒྱུགས་ནས་གཅིན་གཏོང་གྲངས་རྒྱུན་ལྡན་གྱི་མི་ལས་མང་ན། ཆུ་མང་པོ་འཐུང་བའམ་ཡང་ན་གཉན་ཚད་ཡོད་པ་ཕུད། སེམས་ཀྱི་གནོན་ཤུགས་ལྕི་བའི་རྒྱུ་རྐྱེན་ཡང་འདུས། གནོན་ཤུགས་རང་བཞིན་གྱི་གཅིན་ཟགས་དང་གཅིན་གཏོང་མི་ཐུབ་པའི་གནས་ཚུལ་མང་པོ་མཐོང་རྒྱུ་ཡོད་ལ། གཞན་ད་རུང་རྡེའུ་སྐྲན་སོགས་གཅིན་ལམ་མ་ལག་གི་ནད་རིགས་གཞན་པའི་དབང་གིས།གཅིན་ལམ་མ་ལག་རྒས་འགྱུར་བྱུང་བའི་རྟགས་ཀྱང་ཡིན་སྲིད་པས།གཅིན་ཟགས་པའི་ནད་རྟགས་འབྱུང་སྐབས་དེ་ནི་ལུས་པོས་ང་ཚོར་བཏང་བའི་ཉེན་བརྡ་ཡིན་པ་ཤེས་དགོས།

བཞི། དྲན་ཤེས་ཉམས་པ།

སེམས་འཚབ་པ་དང་ཡི་མུག་པ་སོགས་སེམས་མི་སྐྱིད་པའི་གནས་ཚུལ་དང་།གཉིད་མི་ཁུག་པར་མཚན་བསྐྱལ་བ། ཀླད་པར་དྲན་རྒྱུ་མང་དྲགས་པ་སོགས་ཀྱིས་ང་ཚོའི་དྲན་ཤེས་ལ་གནོད་པ་ཆེན་པོ་བཟོ་སྲིད། ལུས་ཕུང་གི་ངལ་དུབ་ཚོར་སྣང་ཇེ་དྲག་ཏུ་སོང་ན།ཕྱི་རོལ་ཡུལ་གྱི་དངོས་པོའི་ཚོར་བ་ཇེ་དམའ་རུ་འགྲོ་སྲིད་པས་དྲན་ཤེས་ཉམས་པ་རེད།

ལྔ། ཁོང་ཁྲོ་ལངས་སླ་བ།

བྱ་བ་ཐེག་ཚད་ལས་བརྒལ་བའི་སྒོ་ནས་སྒྲུབ་པ་དང་གནོན་ཤུགས་ཕྱིར་ཕུད་མ་ཐུབ་པ་ནི་ཁོང་ཁྲོ་ལངས་སླ་བའི་རྒྱུ་རྐྱེན་རེད།ཡིན་ཡང་མི་ཚེ་ཐུང་ཐུང་ཡིན་པས་འཚོ་བ་དང་བྱ་བ་གང་ཞིག་ཡིན་རུང་།གནོན་ཤུགས་ཏིལ་ཙམ་ཡང་མེད་པ་ག་ལ་སྲིད།རང་ཉིད་ཀྱི་སེམས་ཁམས་ལ་རང་ཉིད་ཀྱིས་སྙོམས་སྒྲིག་བྱེད་པ་དང་ལུགས་མཐུན་གྱིས་ངལ་གསོ་བྱས་ཏེ།བདེ་ཐང་གི་འཚོ་བ་ལོངས་སྤྱོད་བྱེད་རྒྱུ་ནི་ཆེས་གལ་ཆེ་བ་ཞིག་རེད།

དྲུག སེམས་ཤུགས་གཅིག་ཏུ་བསྡུ་མི་ཐུབ་པ།

སེམས་ཤུགས་གཅིག་ཏུ་བསྡུ་མི་ཐུབ་པ་ནི་གཉིད་མི་བདེ་བ་ལས་གཞན་ད་རུང་ཡི་མུག་པའང་དེའི་རྒྱུ་རྐྱེན་ནང་གི་གཅིག་རེད། མིག་སྔར་མི་རྣམས་ཀྱིས་ཡི་མུག་ནད་ལ་ངོས་འཛིན་སྟངས་ནི་དུས་ཡུན་རིང་པོར་སེམས་ཁམས་མི་སྐྱིད་པ་དེ་རེད།དོན་དངོས་སུ་ཡི་མུག་ནད་ཀྱིས་མིའི་སེམས་ཁམས་ལ་གནོད་པ་ཐེབས་པ་ལས་ད་རུང་མིའི་ཤེས་རྟོགས་ལ་གནོད་པ་ཐེབས་སྲིད།རྒྱུ་མཚན་ནི་སེམས་ཁམས་མི་སྐྱིད་པ་ལས་གཞན་ལུས་པོར་ཡང་ནད་རྟགས་ཐོན་སྲིད། དེ་ཡང་སྤྱིར་བཏང་དུ་དུས་རྒྱུན་གྱི་བྱ་བ་སྒྲུབ་པའི་སྐབས་སུ་སེམས་ཤུགས་གཅིག་ཏུ་བསྡུ་མི་ཐུབ་པ་དེ་ལས་མངོན།

བདུན། གཉིད་ཇེ་ཉུང་ནས་ཇེ་ཉུང་ཡིན་པ།

གཉིད་པའི་དུས་ཡུན་ཇེ་ཐུང་ནས་ཇེ་ཐུང་ཡིན་པར་མ་ཟད་ནམ་ཡང་ཐང་ཆད་པའི་ཚོར་སྣང་ལས་ཐར་མི་ཐུབ་པ་ནི་སེམས་ཁམས་འཁྲུག་པའི་རྟགས་རེད། བསམ་བློའི་གནོན་ཤུགས་ཆེ་བ་དང་དུས་ཡུན་རིང་པོར་ཤ་སྒྲིམ་ན།གཉིད་ཀྱི་སྤུས་ཀ་ཇེ་དམའ་རུ་འགྲོ་བས།ང་ཚོས་མ་གཉིད་པའི་སྔོན་ལ་རོལ་དབྱངས་སྙན་མོ་ཞིག་ལ་ཉན་ཏེ་སེམས་པ་ལྷོད་ལ་འབབ་ཏུ་འཇུག་པ་དང་།ཡང་ན་ཆུ་དྲོན་མོའི་ནང་དུ་རྐང་བ་སྦང་བ་དང་འོ་མ་ཚ་མོ་ཕོར་བ་གང་འཐུང་བ་སོགས་བྱེད་ཆོག འོ་མ་ལ་སེམས་པ་བདེ་ལ་འབབ་པའི་བྱེད་ནུས་ལྡན་པས་གཉིད་སྐྱིད་པོ་ཡོང་བར་ཕན་པ་ཆེན་པོ་ཡོད།

བརྒྱད། མགོ་ན་བ་དང་རྣ་འུར་བ།

རྒྱུ་རྐྱེན་གང་ཡིན་མི་ཤེས་པར་རྒྱུན་དུ་མགོ་ན་བ་དང་རྣ་འུར་ན།སྤྱིར་བཏང་གིས་དབང་རྩ་རང་བཞིན་གྱི་ནད་རྟགས་རེད།དེའི་རྒྱུ་མཚན་ནི་དུས་ཡུན་རིང་པོར་ངལ་དུབ་ཀྱིས་མནར་བ་དང་བསམ་བློར་གནོན་ཤུགས་ཆེ་བ།གཉིད་ཀྱིས་མི་འདང་བ།གཉིད་ཀྱི་སྤུས་ཀ་ཞན་པ་སོགས་ཡིན། དགོས་ངེས་མི་ཆེ་བའི་སྣེ་ལེན་ཇེ་ཉུང་དུ་གཏོང་བ་དང་།རོལ་དབྱངས་སྙན་མོར་ཉན་པ།ངལ་གསོ་དང་དུས་ཆེན་གྱི་སྐབས་སུ་ཁྱིམ་མི་ལྷན་དུ་རི་མགོར་འཛེགས་པ་དང་སྤྲོ་གསེང་ལ་འགྲོ་བ་སོགས་བྱེད་དགོས།ཁོམ་པ་ཡོད་པའི་སྐབས་སུ་གྲོགས་པོ་དང་མཉམ་དུ་ཆུར་རྐྱལ་བ་དང་ལུས་སྦྱོང་བྱེད་པ།མཁའ་དབུགས་གཙང་མ་རྔུབ་པ།གནས་སྐབས་སུ་རང་ཉིད་སྡོད་པའི་ཁོར་ཡུག་དང་ཁ་འབྲལ་བ་སོགས་ཀྱིས་ལུས་སེམས་གཉིས་ཀ་ལྷོད་ལྷོད་ཡོང་བར་བྱེད་དགོས།དེ་ལྟར་བྱས་ན་སེམས་ཁམས་སྙོམས་སྒྲིག་བྱས་ཏེ་སེམས་པ་བདེ་ལ་འབབ་ཐུབ་པར་མ་ཟད།བློ་གཅིག་སེམས་གཅིག་གིས་རྗེས་ཕྱོགས་ཀྱི་བྱ་བའི་ནང་དུ་འཇུག་ཐུབ།

མདོར་བསྡུས་ན་དུས་ལྟར་ངལ་གསོ་བ་དང་ལུགས་མཐུན་གྱིས་བཟའ་བཏུང་སྤྱོད་པ།སེམས་ཁམས་བདེ་ལ་འབབ་པ་དང་གཉིད་སྐྱིད་པོར་རོལ་བ་ནི་ལུས་ཕུང་བདེ་ཐང་ཡོང་བའི་གཞི་རྩ་ཡིན་ནོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།