སྒ་རློན་གྱི་ཕན་ནུས།

སྒ་རློན་ནི་ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱུན་སྤྱོད་ཟས་རིགས་ཤིག་ཡིན་ལ། དེ་ལ་ཟས་སུ་རུང་བ་ལས་གཞན་ད་རུང་སྨན་སྤྱོད་ཀྱི་ནུས་པའང་ཆེན་པོ་ལྡན།

གཅིག ཆམ་པ་གསོ་བཅོས་བྱེད་པ། གཙོ་བོ་དྲོས་འཁྱག་དང་དར་ཁྱབ་ཆེ་བའི་ཆམ་པ་གཉིས་ལ་ཕན། སྒ་རློན་དང་ཙོང་སོ་སོར་ཁེ30རེ་དང་། ཚྭ་ཁེ6ཞིབ་མོར་བཏགས་རྗེས། ཆང་དཀར་ཉུང་ཙམ་བླུགས་ནས་སྐྱོ་མ་རུ་བཟོ་བ་དང་། དེ་ནས་སེང་རས་ནང་བཅུག་རྗེས་བྲང་ཁ་དང་ལྟག་རྒྱབ། ལག་མཐིལ། རྐང་མཐིལ་སོགས་ལ་བྱུག་དགོས། བྱུགས་ཚར་རྗེས་མལ་ཐུལ་བཀབ་སྟེ་རྔུལ་ལངས་པར་བྱེད་པ་དང་། སྤྱིར་བཏང་དུ་དུས་ཚོད་ཕྱེད་ཀའི་ནང་རྔུལ་ལངས་ཤིང་། རྔུལ་ལངས་རྗེས་ཚ་བ་འཇགས་སྲིད་པས་ཆམ་པའི་ནད་རྟགས་ཇེ་ཡང་དུ་འགྲོ་བར་ཕན་ནུས་ཆེན་པོ་ལྡན།

གཉིས། སྐྲ་སྐྱེ་བར་ཕན་པ། སྒ་རློན་ལེབ་མོར་གཙབ་རྗེས་ཐད་ཀར་མགོ་བོའི་སྐྱི་པགས་སྟེང་བྱུགས་ན།ཚ་ལམ་ལམ་གྱིས་ན་ཟུག་སྐྱེ་སྲིད། ཉིན་རེར་ཐེངས3ནས4དང་།སྤྱིར་བཏང་གིས་ཉིན15ནས30བར་རྒྱུན་འཁྱོངས་བྱས་ན་སྐྲ་སྐྱེ་བར་ཕན་པ་ཡོད།

གསུམ། སོ་ལ་སྲུང་སྐྱོབ་བྱེད་པ། སྒ་རློན་ཁེ15ཙམ་ཆུའི་ནང་བཙོས་རྗེས། ཟ་མ་ཟོས་རྗེས་ཀྱི་དུས་ཚོད་སྐར་མ15ཡི་ནང་སྒ་ཆུ་དེ་ཁ་ནང་དུ་བཟུང་ནས་སྐར་མ3ནས5རུ་བསྡད་ན། སོ་ལ་སྲུང་སྐྱོབ་བྱེད་པར་མ་ཟད་སོ་མཐའི་གཉན་ཚད་གཅོག་ཐུབ། དེ་ལས་གཞན་ད་རུང་ཁའི་རལ་ཟགས་ཀྱི་ནད་བྱུང་ཡོད་པའི་ནད་པ་ཡིས་སྒ་རློན་གྱི་ཆུ་ཁ་ནང་དུ་བཟུང་ན་རལ་ཟགས་གསོ་བཅོས་བྱེད་ཐུབ་པ་རེད།

བཞི། གྲུམ་བུ་གསོ་བཅོས་བྱེད་པ། སྒ་རློན་ཞིབ་མོར་གཙབ་སྟེ་ཁུ་བ་བཙགས་པ་དང་།དེའི་ནང་དུ་ཆུ་ཁོལ་ཉུང་ཙམ་བསྲེ་ལ།དེ་ནས་ཚྭ་དང་སྐྱུར་ཁུ་ཉུང་ཙམ་བཞག་རྗེས། ལག་ཕྱིས་སོགས་ཀྱི་སྟེང་དུ་བླུགས་ནས་ན་ཟུག་སྐྱེས་སར་གླན་པ་དང་།ཚིགས་མོ་དམར་པོ་དང་ཚ་ལངས་རག་བར་དུ་གླན་དགོས།དེ་ནས་སྒ་ཆུས་སྦངས་པའི་ལག་ཕྱིས་སྟེང་གི་ཆུ་བཙུར་རྗེས།ཡང་བསྐྱར་ན་སར་གླན་པ་དང་དེ་ལྟར་ཡང་ནས་བསྐྱར་དུ་ཐེངས་འགར་གླན་ན།ཚིགས་མོའི་ན་ཟུག་འཇགས་ཐུབ།ན་ཟུག་ཡང་མོ་ཅན་གྱིས་སྒ་རློན་གྱི་ཁུ་བ་ཐད་ཀར་ན་སར་བྱུགས་ནའང་ནད་རྟགས་ཇེ་ཡང་དུ་བཏང་ནས་ན་ཟུག་གཅོག་པར་ཕན་པ་ཆེན་པོ་ཡོད།དེ་ལས་གཞན་ད་རུང་སྨན་མ་སྦྱར་བའི་སྔོན་ལ།སྒ་རློན་ལེབ་མོ་དང་ཡང་ན་སྒ་ཆུ་ན་སར་བྱུག་པ་དང་། ན་སའི་སྐྱི་པགས་སྐམ་རྗེས་དེའི་སྟེང་དུ་སྨན་སྦྱར་ན་སྦྱར་སྨན་གྱི་ནུས་པ་སྔར་ལས་བཟང་ངོ་།

ལྔ། གདོང་གི་ནག་ཐིག་ལེན་པ། སྒ་རློན་གསར་པ་ཁེ30ནས50ཙམ་ལེབ་མོར་གཙབ་རྗེས་ཆུའི་ནང་དུ་སྐར་མ3ནས5བར་བཙོ་བ་དང་།ཉིན་རེའི་ནངས་དགོང་གཉིས་ཀར་སྒ་ཆུ་དྲོད་འཇམ་གྱིས་ངོ་གདོང་བཀྲུ་བ་རྒྱུན་འཁྱོངས་བྱས་ན།གདོང་གི་ནག་ཐིག་ཇེ་ཡང་དང་ཡང་ན་མེད་པར་གྱུར་འགྲོ་བ་རེད། སྒ་རློན་གྱི་ནང་དུ་ཚིལ་ཁམ་རྒྱུ་འགོག་པའི་དངོས་པོ་ཞིག་འདུས་པ་དང་། ཚིལ་ཁམ་རྒྱུ་ནི་གདོང་གི་ནག་ཐིག་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་རེད།བྱེད་ཐབས་འདི་ནི་གདོང་གི་ནག་ཐིག་འགོག་པ་དང་སྐྱི་པགས་སྐམ་པ་གསོ་བཅོས་བྱེད་པར་ཕན་མོད།འོན་ཀྱང་སྒ་རློན་ཐད་ཀར་ངོ་གདོང་ལ་འབྱུག་མི་རུང་།

དྲུག གཞུང་རྩ་གཤོང་བ། སྒ་རློན་ཁེ15ནས30ཙམ་ལེབ་མོར་གཙབ་རྗེས་སླ་ངའི་ནང་འཕངས་ནས་བཙོ་བ་དང་།སྐར་མ10ཡས་མས་ཤིག་ལ་གདུ་རུ་བཅུག་རྗེས།དེའི་ནང་དུ་ཆུ་འཁྱག་བསྲེ་ནས་དྲོད་ཚད་རན་པ་རུ་གཏོང་བ་དང་།དེ་ནས་རྐང་པ་སྦང་དགོས་ལ། ཆུའི་མང་ཉུང་ལ་རྐང་ངར་ཆུའི་ནང་དུ་འཐིམ་པ་ཙམ་གྱིས་ཆོག སྒ་ཆུའི་ནང་དུ་རྐང་པ་སྦངས་ན་གཞུང་རྩ་གཤོང་བ་དང་། ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་འགྲོ་བར་མ་ཟད། རྐང་ལག་འཁྱག་པའི་གནས་ཚུལ་གསོ་བཅོས་བྱེད་ཐུབ།སྦང་ཡུན་ཉིན་རེར་སྐར་མ30ཡིས་ཆོག་པ་དང་། མཉམ་འཇོག་དགོས་པ་ཞིག་ནི།ཟ་མ་ཟོས་མ་ཐག་ཏུ་རྐང་པ་སྦང་མི་རུང་།སྤྱིར་བཏང་གིས་ཟོས་རྗེས་ཀྱི་དུས་ཚོད་གཅིག་གི་རྗེས་སུ་ད་གཟོད་རྐང་པ་སྦང་དགོས་ལ།བུད་མེད་རྣམས་ལ་ཟླ་མཚན་འབབ་པའི་སྐབས་སུ་སྒ་ཆུའི་རྐང་པ་སྦང་མི་རུང་བ་དང་།སྒ་ཆུའི་རྐང་པ་སྦང་སྐབས་ལྕགས་རིགས་ཀྱི་སྣོད་ཆས་བཀོལ་མི་རུང་ངོ་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།