དར་མ་དང་རྒན་པ་རྣམས་ཀྱིས་ཟས་རིགས་ལ་བརྟེན་ནས་རིམས་འགོག་ནུས་པ་ཇི་ལྟར་ཇེ་མཐོར་གཏོང་དགོས་སམ།

“3+1”གི་བསྟེན་ཐབས་ཀྱིས་ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་བ།

དར་མ་དང་རྒན་པ་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཟས་རིགས་ལ་བརྟེན་ནས་ནད་འགོག་ནུས་ཤུགས་ཇེ་མཐོར་ཇི་ལྟར་གཏོང་དགོས་སམ་ཞེ་ན། ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལྟེ་གནས་སྨན་ཁང་འཚོ་བཅུད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཐེན་ཅུན་མའེ་ཡིས་གྲོས་གཞི་བཏོན་ཡོད་པ་སྟེ།“3+1”གི་བསྟེན་ཐབས་ཀྱིས་ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་དགོས། “3”ཞེས་པ་ནི་བཟའ་བཏུང་ལ་རོལ་སྟངས་གསུམ་ལ་གོ་དགོས་པ་དང་། བྱེ་བྲག་གི་བྱེད་ཐབས་གཤམ་གསལ་ལྟར།

1.འབྲུ་རྩིང་དང་འབྲུ་རིགས་དཀྱུས་མ་མཉམ་དུ་སྡེབ་དགོས། གཙོ་ཟས་ཀྱི་ནང་དུ་འབྲུ་རྩིང་དང་འབྲུ་རིགས་དཀྱུས་མ་བསྡེབས་ནས་བཟའ་དགོས་པ་སྟེ།དཔེར་ན་གཙོ་ཟས་སུ་འབྲུ་རྩིང་བསྟེན་པ་དང་།ཕྱེ་ཐུག་བཟའ་རྒྱུར་དགའ་ན།མ་རྨོས་ལོ་ཏོག་གི་ཐུག་པ་དང་ཡང་ན་ནས་ཐུག་འཐུང་བ་ལྟ་བུའོ། །

2.སྤྲི་དཀར་འདང་ཚོད་བསྟེན་དགོས། དར་མ་དང་རྒན་པ་རྣམས་ཀྱིས་དགུན་ཁར་ཉིན་རེར་ཤ་སྣག་དང་ཡང་ན་ཉ་ཤ་སོགས་ཀྱི་ཆུ་ཐོན་ཟས་རིགས་སྲང2ནས3བསྟེན་དགོས།

3.སྔོ་ཚོད་མང་དུ་བསྟེན་དགོས། འདི་རུ་བཤད་པའི་སྔོ་ཚོད་ཀྱི་ནང་དུ་ཞོག་ཁོག་དང་ཞོག་རྒོད(山药)སོགས་ཀྱི་བསིང་ཕྱེ་འདུས་ཚད་མཐོ་བའི་ཟས་རིགས་མི་འདུས།རྒྱུ་མཚན་ནི་དེ་དག་གཙོ་ཟས་སུ་བསྟེན་པར་འཚམ་པས།སྔོ་ཚོད་ཀྱི་ནང་དུ་མི་ཐེའོ།།འདི་རུ་བཤད་ཀྱིན་པའི་སྔོ་ཚོད་ཅེས་པ་ནི་ལོ་མ་སྔོན་པོ་ཅན་གྱི་ཚོད་མ་ལ་གོ་ཞིང་། དར་མ་དང་རྒན་པ་རྣམས་ཀྱིས་ཉིན་རེར་མ་མཐའ་ཡང་སྔོ་ཚོད་རྒྱ་མ་གང་རེ་བསྟེན་དགོས།

“1”ཅེས་པ་ནི་ཟས་རིགས་བསྟེན་པའི་གོ་རིམ་ལ་གོ་བ་སྟེ། ཐོག་མར་ཆུ་དང་ཡང་ན་སྣུམ་མེད་པའི་ཁུ་བ་འཐུང་བ་དང་། དེ་ནས་སྔོ་ཚོད་དང་ཤ་རིགས་བཟའ་བ།དེ་ནས་ད་གཟོད་གཙོ་ཟས་བསྟེན་དགོས་པ་རེད།གོ་རིམ་འདི་ལྟར་ཟས་རིགས་བསྟེན་ན།ཟ་མ་ཟོས་རྗེས་ཁྲག་ཧྭགས་ཇེ་མཐོར་མི་འགྲོ་བར་ཕན་ལ། ནད་འགོག་ནུས་ཤུགས་ཇེ་མཐོར་འགྲོ་བར་ཡང་ཕན་པ་ཡོད།

ཐེན་ཅུན་མའེ་ཡིས་བཤད་རྒྱུར། དལ་གཤིས་ནད་རིགས་བྱུང་ཡོད་པའི་མི་ཁ་ཤས་ཤིག་གིས། བཟའ་བཏུང་ལ་དོ་སྣང་བྱེད་དྲགས་པས། ནོར་འཁྲུལ་གྱི་བཟའ་བཏུང་བསྟེན་ཐབས་ཆགས་ཡོད་པ་གཤམ་གསལ་ལྟར།

1.འདི་བཟའ་མི་རུང་བ་དང་གན་བཟའ་མི་རུང་བར་བཤད་པ།

ཐེན་ཅུན་མའེ་ཡིས་བཤད་རྒྱུར། གཅིན་སྙི་ཟ་ཁུའི་ནད་དང་སྙིང་གི་ཁྲག་རྩའི་ནད་ཕོག་ན་ཅི་ཡང་བཟའ་མི་རུང་བ་ཞིག་མིན་ཏེ། མི་དར་མ་དང་རྒན་པ་རྣམས་ཀྱིས་ཉིན་རེར་ཤ་ཉུང་ཙམ་རེ་བཟའ་དགོས་པ་དང་། ཉིན་རེའི་བཟའ་བཏུང་གི་ནང་དུ་ཚོད་མ་དང་ཤའི་འདུས་ཚད་ཕལ་ཆེར1:3དང་ཡང་ན་1:4ཡིན་ན་ཆོག

2.འབྲུ་རྩིང་བཟའ་ཚད་ཇི་ལྟར་མང་ན་དེ་ལྟར་བཟང་བར་འདོད་པ། འབྲུ་རྩིང་ཚད་དང་རན་པའི་སྒོ་ནས་བསྟེན་ན་བདེ་ཐང་ལ་ཕན་པ་བདེན་མོད། འོན་ཀྱང་དུས་ཡུན་རིང་པོར་འབྲུ་རྩིང་ཁོ་ན་བསྟེན་ཏེ་འབྲུ་རིགས་དཀྱུས་མ་མ་བསྟེན་ན། གཅིག་ནས་འཚོ་བཅུད་ཀྱིས་མི་འདང་བ་དང་།གཉིས་ནས་ཕོ་རྒྱུ་ལ་གནོད་པ་ཐེབས་སྲིད། སྤྱིར་བཏང་གིས་འབྲུ་རྩིང་གིས་གཙོ་ཟས་ཀྱི་སུམ་ཆའི་གཅིག་ནས་ཡང་ན་ཕྱེད་ཀ་ཟིན་པས་ཆོག་གོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།