ཀྲུང་གོ་བོད་ཀྱི་དྲ་བ།

བལ་གྱི་སྤྱོད་སྒོར་དབྱེ་ན་གང་དག་ཡོད་དམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། བལ་གྱི་མདོག་དང་རིགས་དབྱེ།

སྤྱིར་བལ་ནི་མཐོ་སྒང་གི་འབྲོག་པ་མང་ཚོགས་ཀྱི་སྒོ་ཕྱུགས་སམ་འཚོ་བའི་གཞི་རྟེན་ཏེ། གཡང་དཀར་ལུག་གི་རྒྱབ་ཀྱི་སྤུ་ལ་ཟེར་ཞིང་། འདི་ལ་དཀར་ཞིང་འཇམ་པའི་ཁྱད་ཆོས་སྣ་མང་འཛོམས་པས། འཚོ་བའི་ཁྲོད་དུ་སྤྱོད་སྒོའང་གཞལ་དུ་མེད་པ་ཞིག་མཆིས་སོ། །

(གཅིག) བལ་མདོག

དེ་ཡང་བལ་གྱི་མདོག་ལ་དཀར་པོ་དང་ནག་པོ། སེར་ནག སྔོན་པོ་བཅས་ཡོད། དེ་དག་ལས་མང་ཆེ་བ་ནི་བལ་དཀར་པོའི་རིགས་འདི་ཡིན་པས། ང་ཚོས་གཡང་དཀར་ལུག་ཁྱུ་ཞེས་འབོད་ལ། བལ་ཞེས་གླེང་ཚེ་མདོག་དཀར་པོ་ཞིག་ཏུ་ངོས་འཛིན་བྱེད་ངེས་པ་དང་། བལ་དཀར་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བེད་སྤྱོད་ཆེ་ཤས་དེའང་ཡིན་ཏེ། བལ་དཀར་གྱི་རིགས་འདིས་བཟོ་སྐུད་དང་བལ་ཐག་སྣ་ཚོགས། ཕྱིང་བའི་གྱོན་པ་དང་ཡོ་བྱད། བལ་ཐགས་འཐག་སྟེ་ཕྱ་ར་དང་སྒྱེ། སྣམ་བུ། ཟ་ཏ། ཏ་ལེན་ལ་སོགས་པ་མདོག་དཀར་པོས་བཟོས་པ་མང་།བལ་ནག་པོ་ནི་ལུག་ནག་མང་པོ་མེད་པའི་རྐྱེན་གྱིས་འཚོ་བའི་ཁྲོད་དེ་འདྲའི་བེད་སྤྱོད་མི་ཆེ་མོད། འོན་ཏེ།《བོད་ཀྱི་གནའ་རབས་ལོ་རྒྱུས》སུ་བོད་ཀྱི་མིའུ་གདུང་དྲུག་གི་རིང་ལ་དམུ་ཚ་སྒའི་མི་རྒྱུད་ཀྱིས་ལུས་སུ་བལ་ནག་པོའི་སྣམ་བུ་གོས་སུ་བཀླུབས་ཞེས་བཀོད་འདུག་པར་བལྟས་ན། བོད་ལ་སྔ་དུས་སུ་བལ་ནག་གི་གྱོན་པ་དར་བ་གསལ་པོར་ཤེས་ཐུབ། བལ་སེར་ནག་དང་སྔོན་པོའི་རིགས་འདི་ནག་པོ་དང་བསྡུར་ནའང་ཉུང་བར་སྣང་བས། བལ་སེར་གྱི་སྒྱེའམ་ཕྱ་རའི་རིགས་རེ་འགའ་མ་གཏོགས་དངོས་པོ་གཞན་པ་མང་པོ་མཐོང་མ་བྱུང་། བལ་སྔོན་པོའང་དེ་བཞིན་དུ་སྣང་བས་དམིགས་བསལ་གྱི་ཁྱད་ཆོས་དང་ཡོན་ཏན་སོགས་བརྗོད་པར་མ་ནུས།

(གཉིས)བལ་རིགས།

བལ་གྱི་རིགས་ལ་ཁ་ཆུ་དང་ཡུ་ནུ། བལ་འཕྱིངས་བཅས་ཡོད་དེ། དེ་དག་རེ་རེ་བཞིན་བརྗོད་ན། ཁ་ཆུའི་རིགས་འདི་ཕོ་ལུག་གམ་ཤ་གཟན་གྱི་རྒྱབ་ན་མ་གཏོགས་མེད་ལ། སྔ་དུས་སུ་འདི་བཀལ་ནས་བཟོ་སྐུད་བྱས་ཏེ། སྦྲ་ནག་གི་ཁ་ཚུབ་དང་ཐི་གུ ཕྱིང་བའི་གྱོན་པ་སོགས་འཚེམ་གྱིན་ཡོད། ད་དུང་ཕྱིང་སྟན་འཇོག་སྐབས་དཀྱིལ་གཞུང་དུ་ཁ་ཆུ་རིང་པོ་བྱས་ནས་འཇོག་གིན་འདུག ཡུ་ནུ་ནི་ལུ་གུའི་བལ་ཡིན་ལ། རྒན་པ་ཚོས་བཤད་ན་གནའ་བར་ཁ་བཏགས་ལས་བྱེད་ཀྱི་རྒྱུ་ཆ་ཞིག་ཡིན་པར་སྨྲ་ལ།《བོད་རིག་པའི་སྐོར་གྱི་རྩོམ་ཡིག་ཐོར་བུ》རུའང་ཁ་བཏགས་ནི་དཀར་རྟགས་ཀྱི་སྒྲ་ཟུར་ཆག་པ་ཡིན་ཏེ། གང་ལགས་ཞེ་ན། གནའ་བོའི་ཡུལ་སྲོལ་དུ་ཁ་བ་ཅན་གྱི་མི་རྣམས་ཀྱིས་རྟེན་འབྲེལ་མཚོན་ཆེད་གྱོན་པའི་དཔུང་བའི་སྟེང་དུ་རྩམ་པའི་དཀར་རྟགས་ཤིག་རྒྱག་སྲོལ་ཡོད། དེ་ནས་རིམ་བཞིན་བལ་དར་དང་དར་རས་དཀར་པོ་སོགས་མཇལ་དར་གྱི་རྣམ་གྲངས་མི་འདྲ་བ་མང་དུ་བྱུང་ཞེས་བརྗོད་པ་ལས་བལ་ནི་ཁ་བཏགས་ཀྱི་རྒྱུ་ཆ་ཡིན་པའི་ངེས་ཤེས་རྙེད་ཐུབ། ཡུ་ནུ་ལ་ད་དུང་འཇམ་ཞིང་དཀར་བའི་ཁྱད་ཆོས་ལྡན་པས་ཕྱིང་ཞྭ་འཇོག་བྱེད་ཀྱི་རྒྱུ་ཆའང་ཕུན་སུམ་ཚོགས་པ་ཞིག་ཡིན། བལ་རྡོ་རིལ་བྱེད་དུས་ཡུ་ནུ་གཅུ་ཐག་བྱེད་ཀྱིན་ཡོད་ལ། དེའི་རྒྱུ་མཚན་ནི་ཐུང་བའི་རྐྱེན་གྱིས་རྡོ་རིལ་བྱེད་མི་ཐུབ་པས་སོ། །བལ་འཕྱིངས་ནི་དབྱར་ཟླ་ལྔ་པ་དྲུག་པའི་དུས་སུ་བལ་མ་བྲེགས་པར་བསྐྱུར་ནས་འཕྱིངས་པར་གྱུར་པའི་རིགས་དེ་ཡིན་ལ། ཁ་དཔེ་ལའང་བལ་འཕྱིངས་ན་སེད་དཀའ་ཟེར། དེའི་སྔོན་དུ་ཁྱིམ་ཉུལ་ལམ་ཕན་ཚུན་འཚམས་འདྲི་བྱེད་དུ་ཆས་སྐབས། དེང་དུས་ཀྱི་ཁ་བཏགས་ཇི་བཞིན་བཀྲ་ཤིས་བདེ་ལེགས་ཞུ་བཞིན་འདུག་ལ། ད་དུང་སྔོན་དུས་སུ་འབྲོག་ཁུལ་གྱི་བྱིས་པ་གཅུད་བྱེད་ཀྱང་བྱེད་ཀྱིན་འདུག

གཉིས་པ། བལ་སྐུད་འཁེལ་ཚུལ་དང་དེའི་ཕན་ཡོན།

(གཅིག)བལ་སྐུད་འཁེལ་ཚུལ།

བལ་སྐུད་ནི་མིའི་ལག་པ་དང་འཕང་། ཕྲུལ་ཤིང(ཁྲོལ་ཤིང)སོགས་ཀྱིས་འཁེལ་བའི་སྐུད་པ་ཕྲ་མོ་ཞིག་སྟེ། ལག་འཁེལ་སྐུད་པ་ནི་མི་གཉིས་ཀྱིས་ཕན་ཚུན་ནས་བཟུང་སྟེ་གཅིག་གིས་འཁེལ་གྱིན་ཡོད་ལ། དེ་ནི་དུམ་བུ་དུམ་བུ་བྱས་ནས་འཁེལ་ཡོད་པའི་སྐུད་པ་ཧ་ཅང་གྲིམས་པོ་ཞིག་ཡིན། འཕང་དང་ཕྲུལ་ཤིང(ཁྲོལ་ཤིང)གིས་འཁེལ་བའི་བལ་སྐུད་ཕལ་ཆེར་འདྲ་བར་སྣང་མོད། འོན་ཀྱང་འཕང་གིས་འཁེལ་བར་དུས་ཚོད་རིང་པོ་ཞིག་དགོས་ལ། སྐུད་པའི་སྤུས་ཀའང་འཕང་གིས་བཀལ་བ་ཡག་ཅིང་བསྒྲིམས་པར་སྨྲ། ཕྲུལ་ཤིང(ཁྲོལ་ཤིང)གིས་འཁེལ་བར་མི་མང་པོ་དགོས་ཏེ། ཕྲུལ་ཤིང(ཁྲོལ་ཤིང)འཐེན་མཁན་དང་བལ་སྐུད་འཁེལ་མཁན་གཉིས་ཀ་དགོས་ལ། ཕྲུལ་ཤིང(ཁྲོལ་ཤིང)གཅིག་གི་སྟེང་དུ་མི་གཉིས་གསུམ་ཙམ་གྱིས་བལ་སྐུད་འཁེལ་ཐུབ།

(གཉིས)བལ་སྐུད་ཀྱི་ཕན་ཡོན།

ལག་འཁེལ་སྐུད་པས་སྦྲའི་ཁ་ཚུབ་དང་སློག་པ(ལྤགས་རྩག)སྒྱེ། ཕྱིང་བའི་གྱོན་པ་དང་སྟན། ཕྱིང་བ་དང་ཐགས་ཀྱི་ཤུབས་སྣ་ཚོགས། དེ་མིན་གྱོན་པར་ལྷན་པ་རྒྱག་པ་སོགས་ཀྱི་བཟོ་སྐུད་སྣ་ཚོགས་བྱེད་ནུས་མོད། ཡིན་ཡང་རྒན་པ་ཚོས་བཤད་ན་བལ་སྐུད་ལ་འཇམ་པའི་ཁྱད་ཆོས་ལྡན་པ་ལས་རྩིད་སྐུད་དང་བསྡུར་ན་ཆད་སླ་བར་སྨྲ། འཕང་དང་ཕྲུལ་ཤིང(ཁྲོལ་ཤིང)གང་ཡིན་ཡང་། དེ་གཉིས་ཀྱིས་བཀལ་བའི་སྐུད་པས་འབྲོག་པ་མང་ཚོགས་ཀྱིས་གྲུ་གུ་ཆེ་ཆུང་མང་པོ་རྡོག་སྲིད། གྲུ་གུ་ནི་སྐུད་པ་གཉིས་རྐྱ་བྱས་ཏེ་བར་ལ་མཛུབ་མོ་བཞག་ནས་འཁྱིལ་དུ་མི་འཇུག་པར་རྡོག་པའི་རིལ་རིལ་ཞིག་ལ་ཟེར། དེ་ཡང་གནའ་མིའི་ཁ་དཔེ་ལ“གྲུ་གུ་རྡོག་གི་རྡོག་གི་ཇེ་ཆེ་དང་། །སྤོ་ཐོ་རིལ་གྱིན་རིལ་གྱིན་ཇེ་ཆུང་རེད། །”ཅེས་པ་ལྟར་སྐུད་པས་གྲུ་གུ་རྡོག་རྗེས་གྲུ་གུ་ཡར་ཁྱེར་མར་ཁྱེར་བྱས་ནས་ཐགས་འབྲན་པ་དང་འཐག་པའི་ལས་ཀ་བྱེད་ཀྱིན་ཡོད།

གསུམ་པ། བལ་ཐིག

བལ་ཐིག་ནི་འཚོ་བའི་ཐད་ལ་བཀོལ་སྤྱོད་སྣ་མང་འཛོམས་པའི་ཐག་པའི་རིགས་ཤིག་སྟེ། དེ་ལ་སྒ་ཐག་དང་སྲབ་མདའ། དེ་མིན་ནོར་གནག་འདོགས་བྱེད་དང་ལུག་འཇུག་བྱེད། བྱིས་པ་སྡོམ་བྱེད་སོགས་རང་རང་གི་ཁྱད་ཆོས་ལྡན་པའི་དངོས་པོ་སྣ་མང་ཡོད།

(གཅིག)བལ་གྱི་ཐི་གུ་བརྒྱུས་ཚུལ།

སྤྱིར་བལ་གྱི་ཐི་གུ་བརྒྱུས་པར་ཐོག་མར་བལ་སེད་པ་དང་དེ་ནས་ཐི་གུ་བརྒྱུས་ཀྱིན་ཡོད། བལ་གྱི་ཐི་གུ་ལ་བརྒྱུས་སྟངས་ཀྱི་ངོས་ནས་ཡར་བརྒྱུས་དང་མར་བརྒྱུས་གཉིས་ཡོད་ལ། དེ་ལྟར་བརྒྱུས་ན་ཐག་པ་མི་འཁྱིལ་བའི་ཕན་ཡོན་ལྡན་པས་ཡར་བརྒྱུས་དང་མར་བརྒྱུས་བྱེད་ཀྱིན་ཡོད། དེ་ལ་གཉིས་བརྒྱུས་དང་གསུམ་བརྒྱུས། དྲུག་བརྒྱུས་སོགས་ཡོད་ལ། དེ་དག་ཡར་བརྒྱུས་དང་མར་བརྒྱུས་གཉིས་གཤིབ་སྟེ་བཟོ་བཞིན་ཡོད་པར་མ་ཟད། དེ་ལའང་གཉིས་བཟོ་དང་བཞི་བཟོ། དྲུག་བཟོ། བརྒྱད་བཟོ་སོགས་ཡོད།

(གཉིས)བལ་ཐིག་གི་རིགས་དབྱེ་དང་སྤྱོད་སྒོ།

1.བེའུ་ཐག་གམ་སྦྲེལ་ཐག་ནི་བེའུ་ཕུར་བར་ལག་འདོགས་བྱེད་སྐབས་བཀོལ་བའི་ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་གཉིས་བཟོ་བྱས་ཡོད་པ་ཞིག་སྟེ། བེའུ་ལག་འདོགས་མ་བྱས་པར་སྐེ་འདོགས་བྱས་ན་སྟབས་མ་ལེགས་པར་སྐེ་འགགས་ནས་འཆི་ངེས་པས་རྒྱུན་ལྡན་དུ་བེའུ་ཐག་གིས་ལག་འདོགས་བྱེད་ཀྱིན་ཡོད། དེ་མིན་བཞོ་མ་ཚོས་བེའུ་དང་ཡ་རུ་སོགས་ཀྱི་ལག་པ་ཕན་ཚུན་སྦྲེལ་སྐབས་ཐག་པ་འདི་བཀོལ་གྱིན་ཡོད།

2.འཛུལ་ཐིག་ནི་བྱིས་པ་འཛོང་ཁུག་ཏུ་སྡོམ་བྱེད་ཀྱི་ཐི་གུ་གྲིམས་མེད་པར་ལྷོད་པོ་ངང་ཡར་བརྒྱུས་བྱས་ཡོད་པ་ཞིག་སྟེ། འབྲོག་ཁུལ་གྱི་བྱིས་པ་འཛོང་ཁུག་ཏུ་སྡོམ་སྐབས་ད་ལྟའང་བཀོལ་སྤྱོད་བྱེད་ཀྱིན་ཡོད།

3.སྐ་རགས་ནི་ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་གཉིས་བཟོ་བྱས་ཡོད་པ་ཞིག་སྟེ། བོད་ཀྱི་མིའུ་གདུང་དྲུག་གི་རིང་ལ་དམུ་ཚ་སྒའི་མི་རྒྱུད་རྣམས་ཀྱིས་བལ་ཐིག་དཀར་པོ་སྣེ་འཛར་དམར་པོ་ཅན་སྐ་རགས་སུ་བཅིངས་པ་བོད་ཀྱི《གནའ་རབས་ལོ་རྒྱུས》སུ་གསལ།

4.སྒ་ཐག་ནི་སྣ་སྒའི་ཐག་པ་ཞིག་སྟེ། མཐའ་གཉིས་ཐི་གུ་ཡར་བརྒྱུས་དང་དཀྱིལ་མར་བརྒྱུས་བྱས་ནས་སྐུད་པས་བཟོས་ཡོད་ལ།འདི་ལ་གོང་ཐག་དང་གློ་ཐག གློ་རྨེད་སོགས་ཡོད། ལར་གོང་ཐག་གིས་སྣ་སྒ་གྲུག་མགོར་ནུར་དུ་མི་འཇུག་པ་དང་གློ་ཐག་གིས་སྣ་སྒ་གཡས་གཡོན་ལ་འཇུར་དུ་མི་འཇུག་པ། གློ་རྨེད་ཀྱིས་ངོ་ཐུར་ལ་འགྲོ་སྐབས་སྣ་སྒ་ཐུར་ནུར་དུ་མི་འཇུག་པའི་ནུས་པ་ཐོན་གྱིན་ཡོད།

5.སྲབ་མདའ་ནི་ཐི་གུ་དྲུག་བརྒྱུས་བྱས་ནས་བཟོས་ཡོད་པ་ཞིག་སྟེ། རྟའི་སྲབ་ཀྱི་ཨ་ལོང་དུ་བཏགས་ཡོད་ལ། མང་ཆེ་བ་རིང་ཚད་རྨི་ལྔ་དྲུག་ཙམ་ཡིན་མོད། རང་གི་འདོད་མོས་ལྟར་བྱས་ཀྱང་ཆོག

6.སྲབ་ཅོག་ནི་རྟའི་ཁ་ལོ་སྒྱུར་བྱེད་ཀྱི་ཐག་པ་ཞིག་སྟེ།ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་བཞི་བཟོ་དང་དྲུག་བཟོ།བརྒྱད་བཟོ་སོགས་བྱེད་ཀྱིན་ཡོད་ལ།དེའི་རིགས་ཀྱི་བརྒྱད་བཟོས་ནི་སྲབ་ཅོག་ཧ་ཅང་ཡག་པ་ཞིག་ཡིན།

7.བཅུག་ཐག་ནི་བལ་འབྲེག་སྐབས་དེ་མ་ཐག་ཏུ་ལུག་འཇུག་བྱེད་དུ་བརྒྱུས་པའི་ཐི་གུ་དུམ་བུ་ཞིག་གི་མིང་།

8.སྣ་ཐག་ནི་གཡག་དང་མཛོ་ཡི་ཁ་ལོ་སྒྱུར་བྱེད་ཀྱི་ཐི་གུ་ཞིག་སྟེ། ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་བཟོས་ཡོད་ལ། རི་ཁ་ནས་ཞོན་པ་སྤེན་མ་དང་སུ་རུ་ལའང་འདོགས་ཐུབ།

9.འུར་ཆའི་ལུང་ཐག་ནི་ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་བཟོས་ཡོད་ལ། དཀྱིལ་དུ་ཕྱིང་བ་ལེབ་མོ་ཞིག་བཞག་ཡོད་པའི་སྟེང་དུ་རྩིད་སྐུད་ནག་པོས་བཟོས་ཡོད།

10.སྐེ་ལོང་ནི་ནོར་གནག་འདོགས་བྱེད་ཀྱི་སྐེ་ཐག་སྟེ། དཀྱིལ་དུ་ཤིང་གི་ཆ་རུ་ཆུང་ཆུང་ཞིག་བཏགས་ཡོད།

11.བྱུ་གུ་ནི་ནོར་རྡང་གི་ཐོག་ཏུ་བཏགས་ཡོད་པ་ཞིག་སྟེ། ཆ་རུའི་སྟེང་དུ་ཨ་ལོང་བྱས་ནས་འདོགས་བྱེད་ཀྱི་ཐི་གུ་ཕྲ་མོ་ཞིག་ཡིན།

12.ཐོ་ཐག་ནི་མཚན་མོ་སྤྱང་ཀི་ལ་འདྲོགས་སློང་བྱེད་ཀྱི་ཐག་པ་ཞིག་སྟེ། ཐི་གུ་མར་བརྒྱུས་བྱེད་དགོས་པ་ཞིག་ཡིན་ལ། དེ་མར་བརྒྱུས་བྱེད་པའི་རྒྱུ་མཚན་ནི་གནོད་སྐྱེལ་ངན་པའི་རིགས་འགོག་བྱེད་ཡིན་པས་སོ། །

13.རྨུ་ཐག་ནི་ཐི་གུ་གསུམ་ཡར་བརྒྱུས་བྱས་ནས་དཀྱིལ་དུ་བལ་དྲངས་ཏེ་སིག་སིག་བྱས་ཡོད་པ་ཞིག་སྟེ། ལབ་ཙེ་ཡི་མདའ་ཡི་སྟེང་དུ་འཐེན་གྱིན་ཡོད་ལ། དེའི་མི་ཕྱུགས་སོགས་ཀྱི་ཚེ་ཐག་རིང་བའང་མཚོན།

14.ལྷམ་སྒྲོག་ནི་ཕྱིང་ལྷམ་ཡུ་རིང་གི་ཁ་སྡོམ་བྱེད་ཅིག་སྟེ། ཐི་གུ་ཡར་བརྒྱུས་ཀྱི་མགོ་ཕྱིར་གུག་ནས་ཨ་ལོང་བྱས་ཏེ་བཟོས་ཡོད།

བཞི་པ། ཕྱིང་བ།

ཕྱིང་བ་ནི་ལུག་བལ་གྱིས་བཞག་པའི་ཐོན་རྫས་ཤིག་སྟེ། སྲ་ཞིང་འཇམ་པའི་ཁྱད་ཆོས་ལྡན་ལ། དེ་འཇོག་སྐབས་མི་མང་པོས་གྲངས་ཀ་དབྱངས་སུ་བཀུག་ནས་ཕར་མཉེ་ཚུར་མཉེ་བྱེད་པ་ཞིག་ཡིན།

(གཅིག) ཕྱིང་བ་འཇོག་སྟངས།

སྤྱིར་ཕྱིང་བ་འཇོག་བྱེད་ཀྱི་རྒྱུ་ནི་བལ་རིགས་གང་ཡིན་ཡང་ཆོག་མོད། འོན་ཀྱང་དེ་དག་ལས་ཡག་ཤོས་ནི་ལོ་གཉིས་ཅན་གྱི་ལུག་གི་སྟོན་ཁའི་བལ་ཡིན། གང་ལྟར་ཕྱིང་བ་འཇོག་སྐབས་ཐོག་མར་ལུག་བལ་ཡག་པོ་བསེད་ནས་བལ་འདབ་བྱས་ཏེ་ཕྱར་བ་སོགས་སྣོད་ཀྱི་ནང་དུ་རྩྭ་ཤིང་དང་རྡུལ་སོགས་མི་འགྲོ་བར་ཉར་དགོས་ལ། དེ་རྗེས་ཕྱིང་མཁན་ཞིག་བཙལ་ནས་ཕྱིང་བ་འཇོག་ཏུ་འཇུག་དགོས་ཤིང་། དུས་ཚོད་དབྱར་རམ་སྟོན་གྱི་གནམ་གཤིས་དྲོ་ཞིང་དྭངས་པའི་སྐབས་སུ་གདམ་དགོས་ལ། འཇོག་སའི་ས་ཆ་ནི་སྤང་ངོས་ཧ་ཅང་བདེ་བའི་ཆུ་འགྲམ་ཞིག་ཡིན་དགོས་པ་དང་། ཕྱིང་བ་འཇོག་སའི་ཕྱར་བ་གསུམ་བཞི་ཙམ་གྲ་སྒྲིག་བྱེད་དགོས། སྨྱུག་མ་ཡོད་སར་ཕྱིང་གདན་སྨྱུག་སྟན་བྱེད་པ་དང་དེང་གི་དུས་སུ་ཆུ་ཤོག་བྱེད་ཀྱིན་འདུག གང་ལྟར་སྔར་དུས་བལ་རྣམས་ཕྱར་བ་ཞེང་ལྔ་ནས་དྲུག་ཅན་གྱི་སྟེང་དུ་དུམ་བུར་བཅད་དེ། ཕན་ཚུན་སྣེ་མོ་ཐོད་གཏུགས་ནས་སྲབ་མཐུག་མཉམ་པོར་བཞག་རྗེས་སྤེན་མས་ཆུ་ཅུང་ཙམ་རེ་གཏོར་བ་དང་། དེ་རྗེས་ཕྱར་བའི་ཁུགས་སོར་བཏུམས་ནས་མཐའ་གཉིས་བལ་སྐུད་ཀྱིས་བཙེམས་པ་ཡིན། དེ་དག་ཡོད་ཚད་ཚགས་སུ་ཆུད་རྗེས་དལ་མོའི་ངང་ཕུར་ཕུར་བྱེད་ལ། ཕྱིང་བ་བརླིང་ལུགས་ལ་གླུ་དང་གཏམ་དཔེ་སྣ་ཚོགས་ཡོད།

(གཉིས)ཕྱིང་བའི་གྱོན་པ།

1.མགོ་ཕྱིང་དང་གཉའ་གཅུད་ནི་ཞྭ་མགོ་ཡོད་མེད་ཙམ་མ་གཏོགས་འདྲ་བར་སྣང་། དེ་གཉིས་ཀར་ཕུ་ཐུང་མེད་པར་མ་ཟད། གྱོན་སྟངས་ཀྱང་འདྲ་སྟེ་སྐེ་ན་ཆ་རུའི་སྒྲོག་གུ་གཅིག་ལས་མེད། རིང་ཐུང་ཡང་སྤྱིར་བཏང་གི་ཁོག་སྟོད་དང་འདྲ་མཚུངས་ཡིན། བུད་མེད་ཚོས་ཆར་བའི་ནང་དུ་འབྲི་མོ་བཞོ་དུས་མགོ་ཕྱིང་དང་གཉའ་གཅུད་གྱོན་ངེས་ལ། དེར་གཙོ་བོ་ཆར་གྱིས་མི་བརླན་པའི་ཁྱད་ཆོས་ལྡན།

2.ཧེ་ར་ནི་ཕལ་ཆེར་སོག་སྐད་ཡིན་ཚོད་འདུག་སྟེ་དོན་དུ་ཆར་ལྭ་དང་དོན་འདྲ་མོད།《དམངས་ཁྲོད་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས》སུ་འདི་ལ་ཕེ་ར་ཞེས་ཀྱང་བྲིས་འདུག འདི་ནི་བོད་ལྭའི་དབྱིབས་ལྟར་བལ་འཕྱིང་ལས་བཟོས་ཡོད་པའི་འབྲོག་པའི་གྱོན་ཆས་རིགས་ཤིག་ཡིན་ལ། ད་ལྟའང་སྐྱེས་པ་ཚོའི་གྲས་ན་གྱོན་མཁན་རེ་འགའ་འདུག དེ་མིན་མི་ཚེ་ལས་འདས་རྗེས་བེམ་པོ་ཧེ་རའི་ཁུག་ལ་གཅུད་དེ་སྟེང་དུ་གྲུ་གུའི་སྐུད་པ་བསྡམས་ནས་ས་གནས་ལ་ཁྱེར་བ་རེད།

3.ཕྱིང་འབོབ་ནི་ཕྱིང་ལྷམ་དང་དོན་འདྲ་སྟེ། འདི་ལ་ཆེ་ཆུང་དང་རིང་ཐུང་། སྲབ་མཐུག་མི་འདྲ་བ་མང་།

4.ལྷམ་གྱི་ཡུ་བ་ནི་ཀོ་ལྷམ་ལ་སོགས་པའི་ལྷམ་གྱི་ཡུ་བ་ཕྱིང་བའི་བཟོས་པ་སྟེ་ལྷམ་སྒྲོག་བལ་ཐིག་གིས་བཅིང་བ་དེའོ། །

5.ཕྱིང་ཞྭ་ལ་ཕྱི་ཐུམ་ཡོད་པ་དང་མེད་པ་གཉིས་སུ་མཆིས་ཏེ། སྔར་ཝ་ཞྭའི་ནང་མ་ཕྱིང་བ་ཡིན་ལ2006ལོ་ནས་གྱོན་སྲོལ་ཉམས་པ་དང་། དེ་མིན་ཚར་ཞྭའི་ནང་མ་མང་ཆེ་བ་ཕྱིང་བ་ཡིན་ལ། ཕྱིང་ཞྭའི་ཕྱི་ཐུམ་གོས་ཀྱིས་གཡོགས་པའང་ཡོད། ཕྱི་ཐུམ་མེད་པའི་ཕྱིང་ཞྭ་ཡང་མང་པོ་ཡོད་དེ། དབུས་ཞྭ་དང་ཕྱིང་ཞྭ་ལེབ་མོ། གཏོར་དབྱིབས་ཙོར་ལོ་དམར་པོ་ཅན། དེ་མིན་སྟེང་དུ་བཀྲ་ཤིས་པའི་རི་མོ་སྣ་ཚོགས་ཅན་ཡང་ཡོད་དོ། །

(གསུམ)ཕྱིང་བའི་ཉེར་མཁོའི་ཡོ་བྱད།

1.ཕྱིང་གུར་ནི་མི་རྣམས་སྡོད་སའི་གུར་ཁྱིམ་སྟེ། རྨ་ལྷོ་སོག་རྫོང་དང་བསང་ཆུ་རྫོང་ཁོ་ཚེ་ཞང་གི་ས་ཁུལ་དུ་ད་ལྟའང་རེ་འགའ་ཡོད།

2.ཕྱིང་གོར(མགོ་བརྟེན)ནི་སྦྲ་ནག་གི་གྲུ་ག་བཞིའི་གྲུ་མགོ་རེ་རེ་ན་ཡོད་པ་ཞིག་སྟེ། སྦྲའི་ཀ་མགོ་རྟེན་བྱེད་ཅིག་ལ་ཟེར།

3.ཕྱིང་སྒ་ནི་རྟ་ལ་སྟོད་པའི་སྒ་ཡིན་ལ། དེའི་ཤིང་སྒའི་སྟེང་དང་སྤོམ་ངོས་སུ་ཕྱིང་བས་གཡོགས་ལ། རྟ་རྒྱུག་བྱེད་སྐབས་བྱིས་པའི་འཕོངས་ཤ་བདེ་ཆེད་དུ་ཕྱིང་བ་རྐྱང་རྐྱང་གི་སྒ་སྟོད་པའང་ཡོད་དེ། བླ་བྲང་གི་བསང་ཁོག་སྡེ་བའི་བསང་གི་རྟ་རྒྱུག་གི་སྐབས་སུ་ད་ལྟའང་ཕྱིང་བའི་སྒ་ཆས་ཀྱི་རིགས་མང་དུ་སྣང་། དེ་བཞིན་དུ་ཕྱིང་བའི་སྒ་སྟན་ནི་རྟའི་རྒྱབ་བདེ་ཆེད་དུ་སྒ་འོག་ལ་གདིང་རྒྱུའི་སྟན་ལ་ཟེར།

4.ཕྱིང་གདན་ནི་ཁྱིམ་ལ་གཏིང་རྒྱུའི་སྟན་གྱི་མིང་སྟེ། འདི་ལ་དབྱིབས་དང་ཆེ་ཆུང་། མདོག་ཡག་བཙོག་སོགས་རིགས་མི་འདྲ་བ་མང་།

5.མཆར་སྟན་ནི་སྦྲ་ནག་གི་ཆ་རུའི་འོག་སྟན་ཏེ། དེ་ལ་རེ་ལྡེ་དང་མཆར་ལུང་དམ་དུ་སྦྲེལ་བའི་ཕན་ཡོན་ལྡན།

6.ཆག་ཕྱིང་ནི་མི་ཕྱུགས་སོགས་ཀྱི་རྐང་ལག་ལ་ཆག་སྐྱོན་ཤོར་ཚེ་ཆག་འཇོག་ཤེས་མཁན་ཞིག་བོས་ཏེ། ཕྱིང་བའི་ཁུག་ལ་ཤིང་ལེབ་བམ་སྨྱུག་ཐུར་བཞག་ནས་ཆག་སྐྱོན་བྱུང་སར་ལྗིབས་པའི་ཕྱིང་བ་ལ་ཟེར།

7.ཕྱིང་བའི་ཕྱི་ཐུམ་མམ་ཤུབས་ལ་བོའུ་ཤུབས་དང་ཕོར་ཤུབས། རྔ་ཤུབས། དྲིལ་བུ་དང་མདའ་རུའི་ཤུབས་སོགས་ཡོད་ལ། དེ་དག་ལ་དངོས་པོ་ཆག་གྲུམ་མི་ཤོར་བ་དང་རྙིང་དུ་མི་འཇུག་པའི་ཕན་ཡོན་ལྡན་ནོ། །

ལྔ་པ། བལ་ཐགས།

བལ་ཐགས་ནི་འཕང་དང་ཁྲུལ(ཕྲུལ)ཤིང་སོགས་ཀྱིས་བཀལ་བའི་སྐུད་པས་འཐག་པའི་ཐོན་རྫས་ཤིག་སྟེ། འབྲོག་པའི་འཚོ་བའི་ཁྲོད་དུ་གུར་ཁྱིམ་དང་སྣོད། གྱོན་པ་སོགས་མང་པོ་ཡོད།

(གཅིག)བལ་གྱི་ཐགས་འཐག་ཚུལ།

སྤྱིར་ཐགས་འཐག་པ་ནི་བུད་མེད་དག་གི་ལས་ཀ་ཡིན་ལ། ཐགས་ནི་ཐགས་མགོ་དང་ཐགས་སྔ་ལ་ཕུར་བ་བསྡབས་ཏེ། འཕང་དང་ཁྲོས(འཕྲོས)ལ་འཐེན་པའི་སྐུད་པ་གྲུ་གུར་རྡོག་པ་ཡར་ཁྱེར་དང་མར་ཁྱེར་བྱས་ནས་ཐོག་མར་ཐགས་འབྲན་པ་དང་། དེ་རྗེས་བུད་མེད་ཚོས་སྟེང་དུ་བཞོན་ནས་རྒྱུ་སྤུན་འཕྲེད་དམ་ཞེང་ལ་དྲང་ནས་ཤིང་ལེབ་ཅིག་གིས་འཐག་ཀྱིན་ཡོད།

(གཉིས)བལ་ཐགས་ཀྱི་རིགས་དབྱེ།

1.དེ་ཡང་ཁེད་དུ་ཕྱ་ར་ནི“རྒྱལ་པོའི་ན་བཟར་མི་ཐེ། བཙུན་མོའི་འཕྱོར་ལྭར་མི་ཐེ། གོས་གོང་བ་མེད་པའི་སྒྲོག་གུ་ཅན།”ཟེར། དེ་ལ་ཁྱིམ་གྱི་དོ་ཆ་འགེབས་བྱེད་ཀྱི་དོ་ཕྱར་དང་སྦྲ་ནག་གི་སྒོ་ཁའི་རླུང་འགོག་བྱེད་ཀྱི་སྒོ་ཕྱར། ཕྱུར་བ་བཙགས་བྱེད་ཀྱི་ཕྱུར་སྒྱེ་དང་ཕྱུར་བ་ཉི་མར་སྐམ་བྱེད་ཀྱི་འོག་སྟན་ཏེ་ཕྱར་གདན། འབྲས་དང་ནས། ཨོང་བ་སོགས་ཀྱི་སྡུད་སྣོད་སྒྱེ། བལྟས་ན་ཆེ་ཆུང་མེད་ལ་ཁུར་ན་ཡང་ལྕི་མེད་པའི་ཏ་ལེན། རི་ལ་སོང་ན་ཕོ་བ་མི་ལྟོགས་པ་དང་ཡུལ་གཞན་ལ་སོང་ན་ལམ་བྲོ་སློང་མི་དགོས་པར་རྩམ་ཕྱུར་འཛོམས་པའི་ཟ་ཏ་སོགས་ཡོད།

2.ཁེད་དུ་གཡང་ཁྱིམ་ཚང་གི་ཀ་ངོས་སུ་འོ་མའི་ཁུག་མ་ནག་པོ་ཞིག་ཅེས་པ་བལ་ནག་གིས་འཐག་པའི་ཇ་ཁུག་གི་དོན་ཡིན་ཏེ། དེ་མིན་བསང་ཁུག་དང་གསུར་ཁུག ཚྭ་ཁུག་སོགས་ཀྱང་ཡོད།

3.གྱོན་པ་ལ་སྣམ་བུའི་རིགས་ཏེ། ལྭ་སྣམ་དཀར་པོ་དང་དམར་པོ། དམར་སྨུག་སོགས་ཡོད་ལ། མདོ་སྨད་ཡུལ་དུ་ཅུང་དར་ཁྱབ་ཆེ་བ་ནི་ཕྲུག་ལྭ་དམར་སྨུག་དང་ཕྲུག་ཁྲའི་རིགས་ཡིན། འདིའི་རིགས་ཀྱི་ལག་ཤེས་ནི་ལྷ་སའི་ས་ཆ་མ་གཏོགས་ཨ་མདོའི་ས་ན་བཏག་ཤེས་མཁན་ཉུང་དུ་སྣང་བས། ད་རེས་རྒྱུ་ཆ་ཁ་གསལ་བ་ཞིག་བརྗོད་མ་ཐུབ་མོད། འོན་ཏེ་བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་རུ་ལྭ་སྣམ་བཏགས་ན། བོད་ལུག་གི་སྟོན་བལ་སྤུས་ལེགས་ཅན་བསེད་ནས་སྦོམ་ཕྲ་དང་འཁལ་མདུད་དམ་འུལ་བ་མེད་པ་འཁེལ་བ་ཀུན་ལ་གཅེས་ཏེ། བལ་སྐུད་ཀྱི་གྲུ་གུས་སྣམ་བུ་འདང་ངེས་བྱུང་བ་དང་རིང་ཐུང་འདོམ་པ་བཅུ་གསུམ། ཞེང་ལ་མཐོ་ཕྱེད་གཉིས་ཙམ་འབྱུང་བའི་ཚད་དུ་བྱས་ནས་ཐགས་འབྲན། སྣམ་ལས་ཐགས་ཆའི་སྟེང་གི་ཐགས་སྐུད་ཐོག་འོག་དགར་བྱེད་ཀྱི་ཡོ་བྱད་ཅིག་དྲངས་ནས་ཐགས་འཐག་པར་ཚགས་ཅི་ཙམ་དམ་པོར་འཐག་ཐུབ་པ་དེ་ཙམ་གྱིས་བཟང་སྟེ། ཐགས་བཟང་ངན་ལག་པས་སྣམ་བུ་བཅངས་ནས་གྱེན་དུ་བསླངས་ན་མཐོ་གང་ཡན་ཆད་ལངས་ཐུབ་པ་ནི་བཟང་གྲས་ཡིན་ལ། དེ་ལས་ལྡོག་སྟེ“མཉེ་ངན་མཉེ་དེ་མཐའ་ནས་གྱོང་། ཐགས་ངན་འཐག་དེ་དཀྱིལ་ནས་བུག”ཟེར་བ་མི་ལེགས་སོ། །

དེ་ལྟར་སྣམ་བུ་བཏགས་ཟིན་པ་དག་ཤིང་སྡོང་སྦོམ་པོ་ཧྲིལ་པོར་བརྐོས་པའི་གཞོང་བ་ལྟ་བུའི་ནང་དུ་ཆུ་དྲོན་གྱིས་སྦངས་ནས་རྐང་བརྫིས་ཆུ་སྲུབ་ཉིན་གསུམ་ཙམ་བཏང་ནས། སྣམ་བུའི་ངོས་སུ་བལ་སྤུས་འཐག་རིས་མི་མངོན་པར་ཕྱིང་བ་ལྟར་མདོག་དཀར་ལ་གཙང་བ་ནི་བསྲུབ་ཐུབ་པའི་ཚད་ཡིན་པར་སྨྲ། དེ་ལྟར་གྲུབ་པའི་ལྭ་སྣམ་ལས་མདོ་སྨད་དུ་དར་ཁྱབ་ཆེ་བ་ནི་གོང་དུ་བཤད་པ་ལྟར་ཕྲུག་ལྭ་དམར་སྨུག་དང་ཕྲུག་ཁྲའི་རིགས་ཡིན་ལ། ཕྲུག་ལྭ་དམར་སྨུག་ནི་མདོ་སྨད་བསང་ཆུ་རྫོང་གི་འབོ་ར་དང་ཨ་མཆོག་གི་བུད་མེད་ཚོའི་གྲས་ན་གྱོན་མཁན་མང་བ་དང་། དེ་མིན་མདོ་སྨད་ཀླུ་ཆུའི་ས་ཁུལ་དུ་སྐྱེས་པ་ཚོས་བཞི་པའི་སྨྱུང་གནས་དང་དྲུག་པའི་ལབ་ཙེ་སོགས་དབྱར་དུས་སུ་ཕྲུག་ལྭ་གྱོན་ངེས། ཕྲུག་ཁྲ་ལ་ཆ་རུ་དང་པང་དན་སོགས་ཡོད་དེ་བོད་ལྭའི་འདབ་ཁ་དང་གོང་བའི་ཁ་ལ་འཇོག་རྒྱུ་ཞིག་གོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།