ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུགས་ལ་ཇི་ལྟར་ཁ་གཏད་འཇལ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྟོན་གྱི་སེམས་ཁམས་ཡོད་པ། རྒྱུགས་མ་བླངས་གོང་རང་གིས་རང་ལ་དགེ་མཚན་ལྡན་པའི་སྒོ་ནས་ཡིད་ཆེས་བསྩལ་ཏེ། རང་ཉིད་ཀྱིས་རྒྱུགས་འབྲས་ཡག་པོ་ཞིག་ལོན་པར་ཡིད་ཆེས་ཡོད་དགོས། རང་རྟོན་ནི་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་བྱུང་བ་ཞིག་ཡིན་ཏེ། གལ་ཏེ་སློབ་སྦྱོང་ལ་ཤིན་ཏུ་བཟང་བ་ཞིག་ཡིན་ན་རྒྱུགས་ལེན་པར་སྐྲག་མི་སྲིད། སློབ་སྦྱོང་ལ་དེ་འདྲའི་བཟང་པོ་ཞིག་མིན་ནའང་རང་ཉིད་ཀྱིས་རྒྱུགས་འབྲས་ཡག་པོ་ཞིག་ལེན་ཐུབ་པར་ཡིད་ཆེས་ཡོད་དགོས།

“ཤི་ཁར་མ་ཎི་ཚར་འདོན”ལྟ་བུ་བྱེད་མི་རུང་། ཤི་ཁར་མ་ཎི་ཚར་འདོན་བྱས་ན་ཕན་ཡོན་ཆེ་བ་ལྟ་བུར་སྣང་མོད། འོན་ཀྱང་ཅི་ཞིག་འདོན་དགོས་པ་ང་ཚོས་གསལ་བོར་ཤེས་དགོས། རྒྱུགས་ལེན་པར་ཐོན་ལ་ཉེ་བའི་སྐབས་སུ་ཤེས་བྱ་གསར་པ་སློབ་མི་རུང་བ་སེམས་ལ་འཛིན་དགོས། རྒྱུགས་ལེན་ལ་ཉེ་བའི་སྐབས་སུ་དུས་ཚོད་དམ་འཛིན་གྱིས་སྔོན་ཆད་བསླབས་ཟིན་པའི་ཤེས་བྱ་དག་བསྐྱར་ཀློག་གམ་བསྐྱར་སྦྱོང་བྱེད་དགོས། གལ་ཏེ་སྐབས་དེ་ལྟ་བུར་ཁྱོད་ཀྱིས་རང་ཉིད་ལའང་གསལ་ཆ་མེད་པའི་ནང་དོན་སློབ་སྦྱོང་བྱས་ཚེ། རང་ཉིད་ལ་ཕན་ཐོགས་ཅི་ཡང་མེད་པའི་ཁར། རྒྱུགས་ལེན་པའི་སྐབས་སུ་རང་ཉིད་ཀྱིས་བསྐྱར་སྦྱོང་བྱས་པར་འབྲས་བུ་ཅི་ཡང་མི་འདུག་སྙམ་ཏེ་སེམས་ཁམས་ལ་གནོད་པ་ཐེབས་སྲིད།

བརྐུ་བཤུའི་བསམ་ཚུལ་ཡོད་མི་རུང་། རྒྱུགས་ལེན་པའི་དམིགས་ཡུལ་ཅི་ཞིག་ཡིན་པ་གསལ་བོར་ཤེས་དགོས། སྤྱིར་བཏང་དུ་རྒྱུགས་ལེན་པ་ནི་སློབ་སྦྱོང་གི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་། རང་ཉིད་ཀྱི་མི་འདང་ས་ངོས་འཛིན་བྱེད་པའི་ཆེད་ཡིན་པས་བརྐུ་བཤུ་བྱེད་པར་དོན་སྙིང་ཆེན་པོ་མེད། བྱེད་ཐབས་དེ་རིགས་ཀྱིས་རང་ཉིད་རྒྱུགས་རར་ཞུགས་པར་ཤུགས་རྐྱེན་བཟོ་བར་མ་ཟད། ད་དུང་རང་ཉིད་ཀྱི་བསམ་བློའི་བྱ་སྤྱོད་ཀྱང་ཇེ་ཞན་དུ་གཏོང་བ་རེད།

རྒྱུགས་གཞིའི་ཁྱབ་ཁོངས་གསལ་བོར་བཟོ་དགོས། རྒྱུགས་གཞིའི་ཁྱབ་ཁོངས་གསལ་བོར་བཟོ་བ་ནི་བྱེ་བྲག་གི་ལག་བསྟར་བྱེད་ཐབས་ཤིག་རེད། དེ་བཞིན་དུ་མཇུག་རྒྱུགས་ཀྱི་སྤྱིར་བཏང་གི་ཚད་ལེན་ཁྱབ་ཁོངས་ནི་སློབ་སྐབས་དེའི་ཤེས་བྱ་ཡིན་པས། སློབ་སྦྱོང་བྱེད་དུས་དམིགས་ས་ཡོད་པའི་སྒོ་ནས་བསྐྱར་སྦྱོང་བྱེད་དགོས། དེ་ལྟར་སློབ་སྦྱོང་བྱས་ཚེ་དམིགས་ཡུལ་མེད་པར་སློབ་སྦྱོང་བྱེད་པ་དང་རང་ཉིད་ཀྱིས་ཅི་ཞིག་ལ་བལྟ་དགོས་པ་ཡང་མི་ཤེས་པའི་གནས་སུ་ལྷུང་མི་སྲིད།

སློབ་གྲོགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་དགོས། སློབ་སྦྱོང་གི་གྲུབ་འབྲས་བཟང་བའི་སློབ་གྲོགས་ལ་འབྲེལ་འདྲིས་མང་དུ་བྱས་ན་རང་ཉིད་ལ་ཐོབ་བྱ་མང་པོ་ཡོད་པ་རེད། ཁོ་ཚོའི་སློབ་སྦྱོང་གི་ཉམས་མྱོང་ལེན་པའི་མཚུངས་སུ་རྒྱུགས་གཞིའི་ནང་དོན་སྐོར་ནས་འབྲེལ་འདྲིས་བྱས་ཏེ་ཤེས་བྱ་མི་འདང་བའི་ཐད་ནས་ཁ་གསབ་དང་སློབ་སྦྱོང་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།