རྣམ་འགྱུར་ལེགས་ན་བདེ་སྐྱིད་ནམ་ཡང་ཁྱོད་དང་མཉམ་དུ་གནས།

བཟའ་ཟླ་ཚེ་ལས་འདས་པའི་དབང་གིས། ལོ་ན94ལ་སོན་པའི་བགྲེས་མོ་ཆོན་སི་རྒན་གསོ་ཁང་གི་ནང་དུ་མི་འགྲོ་ཐབས་མེད་བྱུང་།

ཉིན་དེར་བགྲེས་མོ་ཆོན་སིས་རྒན་གསོ་ཁང་གི་ཚོམས་ཆེན་ནང་དུ་དུས་ཡུན་རིང་པོ་ཞིག་ལ་བསྒུགས། ཡུན་རིང་འགོར་རྗེས་ལས་བྱེད་མི་སྣ་ཚབ་ཚུབ་ཀྱིས་འོངས་ནས“ཁྱོད་ཀྱི་སྡོད་ཁང་ལ་གཙང་སྦྲ་བྱས་ཟིན”ཞེས་བརྡ་བརྒྱབ།

བགྲེས་མོ་ཆོན་སི་ཡིས་སྐད་ཆ་དེ་ཐོས་རྗེས།གདོང་ལ་ཡིད་དུ་འོང་བའི་འཛུམ་མདངས་ཤིག་མངོན་བྱུང་།མོས་ལས་བྱེད་མི་སྣས་མཚམས་སྦྱོར་ལ་ཞིབ་མོར་མཉན་རྗེས། དགའ་ལྷང་ལྷང་གིས“ང་རང་ཧ་ཅང་དགའ་བོ་འདུག”ཅེས་བཤད།

ལས་བྱེད་མི་སྣས་ཡ་མཚར་དང་བཅས་ཏེ།“ཁྱེད་ཀྱིས་རང་ཉིད་ཀྱི་སྡོད་ཁང་ད་རུང་མཐོང་མེད་པས།དགའ་བོ་བྱེད་དོན་ཅི་ཡིན”ཞེས་དྲིས་པར། བགྲེས་མོ་ཆོན་སི་ཡིས་གདོང་ལ་འཛུམ་གྱིས་ཁེངས་བཞིན“ངའི་དགའ་བ་འདི་སྡོད་ཁང་མཐོང་མ་མཐོང་ལ་འབྲེལ་བ་མེད།དགའ་བོ་ཡོད་མེད་རང་ཉིད་ཀྱིས་སྔོན་ལ་ཐག་གཅོད་བྱེད་ཆོག ད་ལྟ་ངས་ཐག་གཅོད་བྱེད་ཐུབ་པ་ནི་ང་རང་ཉིད་ཀྱི་རྣམ་འགྱུར་ཁོ་ན་ཡིན་ལ། ང་རང་ངའི་སྡོད་ཁང་ལ་དགའ་བོ་བྱེད་མིན་དེ་སྡོད་ཁང་ནང་གི་ཁྱིམ་ཆས་དང་ཁྱིམ་ཆས་འཇོག་སྟངས་སོགས་ལ་འབྲེལ་བ་གང་ཡང་མེད་པར། ངས་སྔ་མོ་ནས་རང་ཉིད་ཀྱི་སྡོད་ཁང་ལ་དགའ་བོ་བྱེད་རྒྱུའི་ཐག་གཅོད་བྱས་ཟིན། ཉིན་རེའི་སྔ་མོར་མལ་ལས་ལངས་མ་ཐག ངས་རྒྱུན་དུ་ཐག་གཅོད་དེའི་རིགས་བྱེད་ཀྱིན་ཡོད་པ་སྟེ། དཔེར་ན་ཞོགས་པར་མལ་ལས་ལངས་མ་ཐག ངས་རང་ཉིད་ཀྱི་ལུས་པོའི་དབང་བོ་ཁ་ཤས་ཀྱིས་ད་རུང་མུ་མཐུད་དུ་རྩོལ་བ་བྱེད་ཀྱིན་པར་སེམས་འགུལ་ཐེབས་ཏེ་བཀའ་དྲིན་ཞུ་བཞིན་ཡོད”ཅེས་བཤད།

བགྲེས་མོ་ཆོན་སི་ནི་མི་སྤྲོ་སྣང་ཅན་ཞིག་ཡིན་ལ། བློ་རིག་ཅན་ཞིག་ཀྱང་ཡིན་ཏེ། རྒྱུ་མཚན་ནི་མོས་སྔ་མོ་ནས་སྤྲོ་སྣང་ཅན་ཞིག་བྱེད་རྒྱུའི་སེམས་ཐག་བཅད་ཟིན་པས་སོ། །འཚོ་བའི་ཁྲོད་དུ་སེམས་ཁམས་མི་སྐྱིད་པའི་དོན་དག་ཅི་འདྲ་བྱུང་ནའང་།མོས་དེ་དག་ཡོད་ཚད་སྤྲོ་བ་རུ་བསྒྱུར་ཐུབ།

ཨོ་སི་ཁྲུ་རི་ཡའི་སེམས་ཁམས་རིག་པ་བ་ཝེ་ཁེ་ཏུའོ●ཧྥོ་ལན་ཁེ་འེར་གྱིས་སྔོན་ཆད“ང་ཚོའི་ཆེས་ཆེ་བའི་རང་དབང་ནི་རང་ཉིད་ཀྱི་རྣམ་འགྱུར་གདམ་གསེས་བྱེད་ཆོག་པའི་རང་དབང་དེ་རེད”ཅེས་བཤད་མྱོང་བ་ལྟར། ཁྱོད་ཀྱིས་འཚོ་བར་རྣམ་འགྱུར་ལེགས་པོ་ཞིག་བཅངས་ན།བདེ་སྐྱིད་ནི་ནམ་ཡང་ཁྱོད་དང་མཉམ་དུ་གནས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།