ཀྲུང་གོ་བོད་ཀྱི་དྲ་བ།

སྙིང་བར་མེད་དུ་ལྡིང་སྐབས་ངལ་གསོ་དགོས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚན་མོར་གཉིད་དུ་ཡུར་བའི་སྐབས་སུ། དབང་བོ་མང་ཆེ་བ་ཞིག་ངལ་གསོ་བཞིན་ཡོད་ལ། ལུས་སྟེང་གི་ཤ་གནད་ཡོངས་ཀྱིས་བྱ་བ་བྱེད་མཚམས་བཞག་སྟེ་ངལ་གསོ་བྱས་ཡོད་པ་རེད། དེ་བཞིན་དུ་ཀླད་པར་མཚོན་ནའང་རྨི་ལམ་རྨི་བའི་སྐབས་སུ་ཕྲ་ཕུང་ཁ་ཤས་ཤིག་ད་རུང་འགུལ་སྐྱོད་ཅུང་ཙམ་བྱེད་ཀྱིན་ཡོད་པ་ལས་གཞན་པ་ཡོངས་རྫོགས་ངལ་གསོ་བྱས་ཡོད།

ཡིན་ནའང་སྙིང་ནི་ཉིན་མཚན་དབྱེར་མེད་དུ་ལྡིང་སྟེ། ནམ་ཡང་ངལ་གསོ་དུས་ཤིག་མེད། དེ་བས་མི་ལ་ལ་ཤིག་སྙིང་ངལ་གསོ་བྱེད་ཀྱིན་ཡོད་མེད་སྐོར་ལ་དོགས་པ་སྐྱེ་བཞིན་ཡོད།

སྙིང་ནི་བལྟས་ཚོད་ཀྱིས་ནམ་ཡང་བར་མེད་དུ་ལྡིང་བཞིན་པའི་བརྩོན་འགྲུས་ཅན་ཞིག་ཡིན་པ་འདྲ་མོད། འོན་ཀྱང་དོན་དངོས་སུ་སྙིང་གིས་ཀྱང་གོ་སྐབས་བཙལ་ནས་ངལ་གསོ་བྱེད་ཀྱིན་ཡོད། སྙིང་གི་འབྱེད་ཟུམ་ཐེངས་གཅིག་ལ་སྙིང་འཕར་འཁོར་ཡུན་ཟེར། གལ་ཏེ་སྐར་མ་རེར་སྙིང་གི་ལྡིང་ཚད་ཐེངས75ཡིན་ན། སྙིང་འཕར་འཁོར་ཡུན་རེར་སྐར་ཆ0.8དགོས་པ་དང་། སྐར་ཆ0.8ཡི་དུས་ཡུན་ནང་དུ་སྙིང་ཁང་ཐེངས་གཅིག་ལ་ཟུམ་པ་ཡིས་སྐར་ཆ0.1ཟིན་པ་དང་། སྙིང་ཁང་ཐེངས་གཅིག་ལ་འབྱེད་པ་ཡིས་སྐར་ཆ0.7ཟིན་ཡོད་ལ། སྙིང་ཤག་ཐེངས་གཅིག་ལ་ཟུམ་པ་ཡིས་སྐར་ཆ0.3ཟིན་པ་དང་སྙིང་ཤག་ཐེངས་གཅིག་ལ་འབྱེད་པ་ཡིས་སྐར་ཆ0.5ཟིན་ཡོད། སྙིང་ཁང་དང་སྙིང་ཤག་གང་ཞིག་ཡིན་རུང་ཟུམ་ཐེངས་གཅིག་གིས་ཟིན་པའི་དུས་ཡུན་དེ་འབྱེད་ཐེངས་གཅིག་གིས་ཟིན་པའི་དུས་ཡུན་ལས་ཐུང་བས། འབྱེད་ཟུམ་ཐེངས་གཅིག་རེར་བྱས་རྗེས་ཀྱི་བར་དེར་ངལ་གསོ་བྱེད་པའི་དུས་ཚོད་འདང་ངེས་ཤིག་ཡོད་པས་སྙིང་ལ་ཐང་ཆད་པའི་སྣང་བ་འབྱུང་མི་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།