ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་ཐག་རིང་བའི་མན་ངག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་ཁུ་བཟོད་པ་ལོ་བརྒྱ་ལ་བུད་འདུག་ནའང་རྐང་ལག་བདེ་ཞིང་རྣམ་རིག་ཧ་ཅང་གསལ། མི་རྣམས་ཀྱིས་ཁོར་ཚེ་ཐག་རིང་པོ་ཡོང་བའི་མན་ངག་འདྲི་སྐབས།ཁོས་རྒྱུན་དུ་གླེང་རིན་ཡོད་པའི་མན་ངག་གམ་ཡང་ན་ཉམས་མྱོང་ཟེར་བ་ཞིག་མི་འདུག་མོད།འོན་ཀྱང་ང་རང་ཚེ་ཐག་རིང་པོ་ཡོང་བའི་རྒྱུ་མཚན་ནི་ངའི་དུས་རྒྱུན་གྱི་འཚོ་བའི་གོམས་སྲོལ་ཁྲོད་དུ་ཡོད་པ་འདྲ་ཟེར།

གཅིག ལུས་སྦྱོང་བྱེད་རྒྱུར་དགའ་བ།

ཨ་ཁུ་བཟོད་པ་ཆུང་དུས་ནས“ཚེ་ཐག་རིང་འདོད་ན་འགུལ་སྐྱོད་ལ་བརྟེན་དགོས”ཞེས་པའི་སྐད་ཆ་དེ་ལ་ཡིད་ཆེས་ཟབ་མོ་ཡོད།ལོ་ན་གཞོན་དུས་རྒྱང་རྒྱུག་བྱེད་རྒྱུར་དགའ་བ་དང་།ལོ་ན་རྒས་དུས་ཀྱང་སྔར་བཞིན་ཉིན་རེར་ཆེས་ཉུང་ནའང་སྤྱི་ལེ་ལྔ་རེ་དང་།གཟའ་མཇུག་གི་སྐབས་སུ་སྤྱི་ལེ་བཅུ་རེར་བང་རྒྱུག་བྱས་པ་རེད།ལོ80ལ་བུད་པ་ནས་བཟུང་བདེ་འཇགས་ཀྱི་ཆེད་དུ།བང་རྒྱུག་བྱེད་མཚམས་བཞག་སྟེ་མྱུར་བགྲོད་བྱེད་པར་བསྒྱུར་ཅིང་།གངས་ཆར་བབས་པའི་སྐབས་སུའང་ཁང་པའི་ནང་དུ་ཡར་འགྲོ་མར་འགྲོ་བྱས་ཤིང་།ཁྱིམ་མཚེས་རྣམས་ལ་ཀུ་རེ་རྩེ་མོའི་དགོད་གཏམ་སོགས་བཤད་རྒྱུར་ཧ་ཅང་དགའ།

གཉིས། ཇ་འཐུང་རྒྱུར་དགའ་བ།

ཨ་ཁུ་བཟོད་པ་ཇ་འཐུང་རྒྱུར་ཧ་ཅང་དགའ།གཉིད་ཟིན་པའི་སྐབས་མ་གཏོགས་ཁོའི་ལག་ཏུ་ནམ་ཡང་བྱེ་ཟེགས་སྨུག་པོའི་ཁོག་ལྟིར་ཞིག་བཟུང་འདུག ཁོ་ལ་མཚོན་ན་ཇ་ཞིམ་པོ་ཞིག་དང་ཁོལ་མ་ཞིག་འཐུང་ཐུབ་པ་བྱུང་ཚེ།སེམས་ཀྱི་མི་འདོད་པའི་སྡུག་བསྔལ་ཡོད་ཚད་རྒྱང་ཕུད་དུ་གཏོང་ཐུབ།ཁོའི་སྣང་ངོར་འཚོ་བའི་ཁྲོད་ཀྱི་སྐྱིད་སྡུག་ཡོད་ཚད་ཇ་ཡི་ནང་དུ་གནས་པས།ཇ་ལ་རོལ་མྱོང་བྱེད་པ་ནི་འཚོ་བར་རོལ་མྱོང་བྱེད་པ་དང་འདྲའོ། །

གསུམ། ཀླད་པ་འགུལ་རྒྱུར་དགའ་བ།

ཨ་ཁུ་བཟོད་པར་ཉིན་ཐོ་འབྲི་བའི་གོམས་སྲོལ་ཡོད།རྒྱ་བོད་ཡིག་རིགས་གཉིས་ཀྱིས་ཉི་མ་རེ་རེའི་མཐོང་ཐོས་མྱོང་གསུམ་ཡིག་ངོར་ཕབ་རྒྱུར་ཧ་ཅང་དགའ།ལོ་ན་ཇེ་མཐོར་སོང་རྗེས་མིག་ནད་ལིང་ཏོག་གི་དབང་གིས་སྤུ་སྨྱུག་སྤྱད་དེ་ཉིན་ཐོ་འབྲི་བ་དང་།རྒྱུན་དུ་ཡི་གེ་བཅུ་ཁ་རེ་མ་གཏོགས་མི་འབྲི་མོད།འོན་ཀྱང་དེའི་ནང་དུ་ཉིན་རེ་རེའི་འཚོ་བ་ཡོངས་རྫོགས་འདུས་ཡོད།ཉིན་ཐོ་འབྲི་བ་ལས་གཞན་ད་རུང་ཁོའི་ཁུག་མའི་ནང་དུ་ནམ་ཡང་དཔེ་ཆ་ཞིག་བཅུག་ཡོད་པར་མ་ཟད།རྒྱུན་དུ་ཚགས་པར་དང་དུས་དེབ་ལ་ལྟ་བ་རྒྱུན་འཁྱོངས་བྱས་པ་དང་།དེའི་སྟེང་གི་བདེ་ཐང་དང་ལུས་རྩལ་སྐོར་གྱི་རྩོམ་ཐུང་རེ་དྲས་ཏེ་བདག་འཛིན་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད།

བཞི། བཟའ་བཏུང་ལ་དོ་སྣང་བྱེད་པ།

ཨ་ཁུ་བཟོད་པའི་ཡི་ག་ཧ་ཅང་བཟང་བས།ཟས་ཐུན་རེ་རེར་ཟ་མ་རྒྱགས་ཆོད་པ་རེ་བཟའ་བ་དང་།ཟས་ཐུན་གཅིག་ལ་ཕག་གི་གྲུ་མོ་རེ་བཟའ་བའི་ཟིན་ཐོ་བཀོད་མྱོང་།ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས་ཤའི་བཟའ་ཚད་ཇེ་ཉུང་དུ་བཏང་ནས་སྔོ་ཚོད་བཟའ་ཚད་ཇེ་མང་དུ་བཏང་བ་རེད།ཁོས་ཉིན་རེར་འོ་མ་དམ་བུ་གང་རེ་ངེས་པར་དུ་འཐུང་བ་དང་།ལོ་ན་རྒས་རྗེས་འོ་མ་དེ་ཞོ་རུ་བསྒྱུར་པ་རེད། འོ་མ་དང་ཡང་ན་ཞོ་འཐུང་བ་ནི་སྤྲི་དཀར་དང་ཀལ་ཁ་གསབ་བྱེད་པའི་ཆེད་ཡིན་ལ།ཁོས་ཉིན་རེར་ད་རུང་སྟར་ཀ་ལྔ་རེ་ཆག་མེད་དུ་ཟ་བ་རེད།ཁོས་དེ་ནི་ཀླད་པ་གསོ་བའི་ཆེད་དུ་ཡིན་ཟེར།ཉིན་རེའི་ཞོགས་ཟས་ཀྱི་སྐབས་སུ་བྱ་གག་གི་སྒོ་ང་གཅིག་རེ་ཆག་མེད་དུ་བཟའ་བ་དང་།རྒྱུ་མཚན་ནི་བྱ་གག་གི་སྒོ་ངའི་ནང་དུ་གཏེར་རྒྱུ་ཕུན་སུམ་ཚོགས་པོ་འདུས་པས་རུས་པ་སྲ་མོ་ཡོང་བར་ཕན་པས་རེད།ཁོས་ཉིན་རེའི་ཕྱི་དྲོར་ད་རུང་ཉི་འབྲུ་སྤར་མོ་གང་རེ་ཟོས་ཏེ།ལུས་པོར་མཁོ་བའི་འཚོ་རྒྱུ་ཁ་གསབ་བྱེད་པ་རེད།

ལྔ། ངལ་གསོའི་དུས་ཚོད་ལ་ཆོས་ཉིད་ལྡན་པ།

ཨ་ཁུ་བཟོད་པའི་ངལ་གསོའི་དུས་ཚོད་ལ་ཧ་ཅང་ཆོས་ཉིད་ལྡན་པ་རེད།ཉིན་རེར་ཟ་མ་ཟ་བ་དང་གཉིད་ལོག་པ།མལ་ལས་ལངས་པ་སོགས་ཀྱི་དུས་ཚོད་ངེས་གཏན་ཡིན་པ་དང་།ཁོའི་གཉིད་ཀྱི་སྤུས་ཀ་ཧ་ཅང་བཟང་བས།ཉིན་གུང་གཉིད་པ་དང་ཡང་ན་དགོང་མོར་གཉིད་པ་གང་ཞིག་ཡིན་རུང་མགོ་སྔས་ཐོག་ཏུ་བཞག་མ་ཐག་གཉིད་ཀྱི་ཞིང་ཁམས་སུ་འགྲིམ་པ་རེད།

ཨ་ཁུ་བཟོད་པའི་ཚེ་ཐག་རིང་པོ་དེ་ཁོ་ཚོའི་སྡེ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་བས།ཁོའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་ཀྱང་དེ་ནི་གཟི་བརྗིད་ཅིག་དང་བདེ་སྐྱིད་ཅིག་ཏུ་བསྒོམས་ཏེ་གུས་སྐྱོང་ལེགས་པོ་བྱེད་ཀྱིན་འདུག མིག་སྔར་ཨ་ཁུ་བཟོད་པས་ཚེ་མཇུག་གི་འཚོ་བ་སྐྱིད་པོ་རོལ་བའི་སྒང་ཡིན་ལ།ངས་ཀྱང་འདི་ནས་ཁོང་ཉིད་ཀྱི་སྐུ་ཚེ་རི་རབ་ལས་བརྟན་ཞིང་སེམས་ཁམས་ལྷ་ཡུལ་ལས་ཀྱང་སྐྱིད་པའི་སྨོན་ལམ་འདེབས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།