ཀྲུང་གོ་བོད་ཀྱི་དྲ་བ།

ལུས་ཟུངས་གསོ་བའི་སྐབས་ཀྱི“གནོད་པ”བདུན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག རྒྱགས་དྲགས་ན་མཚེར་བ་ལ་གནོད་པ།

རྒྱགས་དྲགས་པ་ཞེས་པ་ནི་ཟས་ཐུན་རེ་རེར་བཟའ་བཏུང་རྒྱགས་ཆོད་པ་བཟའ་བའི་དོན་ཡིན།དུས་རྒྱུན་རྒྱགས་ཆོད་པ་ཟོས་ན་ཐོག་མར་ཕོ་རྒྱུ་ལ་གནོད་པ་དང་།འཇུ་ནུས་ཇེ་ཞན་དུ་སོང་སྟེ།མ་ཞུ་བ་དང་གཞང་བ་འགག་པ།ཁ་དྲི་ལྡང་བ།ཕོ་བར་རྨ་བརྡོལ་བ་སོགས་ཀྱི་གནད་དོན་འབྱུང་བ་དང་།རྒྱུན་དུ་རྒྱགས་ཆོད་པ་ཟོས་ན་ད་རུང་ཚོ་འབུད་པ་དང་ཀླད་སྙིང་ཁྲག་རྩའི་ནད་རིགས།གཅིན་སྙི་ཟ་ཁུའི་ནད་སོགས་འབྱུང་བའི་ཉེན་ཁ་ཆེ།དེ་ལས་གཞན་ད་རུང་ཆེད་མཁས་པས་ཤེས་པ་ལྟར་ན།20%ཡི་རྒན་པའི་ཧོན་ལོག་ནད་པ་མང་ཤས་ཤིག་ནི་ལོ་ན་གཞོན་པའི་སྐབས་སུ་བཟའ་རྒྱུར་དགའ་བའི་རིགས་རེད།

གཉིས། ཁོང་ཁྲོ་ཆེ་ན་མཆིན་པར་གནོད་པ།

ཁྲོ་ཐོག་ནས་ཤི་བའི་གནས་ཚུལ་བྱུང་མ་མྱོང་བ་ཞིག་མ་ཡིན་པར།ང་ཚོས་ཁོང་ཁྲོ་ནི་ནད་རིགས་སྣ་ཚོགས་འབྱུང་བའི་རྒྱུ་རྐྱེན་དུ་འགྱུར་བཞིན་པའི་དོན་དངོས་དེ་སྣང་མེད་དུ་བཞག་པ་རེད།ཀྲུང་ལུགས་གསོ་རིག་གིས་རྒྱུན་དུ་ཁོང་ཁྲོ་ལངས་ན་མཆིན་རླུང་འཁྲུག་པ་དང་།མཆིན་རླུང་འཁྲུགས་ཚེ་ལུས་ཁམས་ཀྱི་བྱེད་ནུས་འཁྲུག་པར་བྱེད་པ་སྟེ།དཔེར་ན་ཟླ་མཚན་དུས་ལྟར་མི་འབབ་པ་དང་ནུ་རྩ་འཕར་སྐྱེ།ནང་གི་ཟགས་ཐོན་མི་སྙོམས་པ་སོགས་ཀྱི་གནད་དོན་འབྱུང་སྲིད།ད་ལྟའི་བརྟག་ཞིབ་ཁ་ཤས་ལས་མངོན་པ་ལྟར་ན།ཁོང་ཁྲོ་ལངས་རྒྱུར་དགའ་བའི་མི་ལ་ཏོག་དབྱིབས་སྙིང་ནད་འབྱུང་ཚད་རྒྱུན་ལྡན་གྱི་མི་ལས་ལྡབ6གིས་མཐོ་བ་དང་།མཆིན་ནད་འབྱུང་བའི་ཚད་རྒྱུན་ལྡན་གྱི་མི་ལས་ལྡབ8ཀྱིས་མཐོ་བ་རེད།དེ་བས་སྨན་པས་ཀྱང་རྒྱུན་དུ་མཆིན་ནད་བྱུང་བའི་ནད་པར་སེམས་ཁམས་སྐྱིད་པོ་ཡོང་དགོས་པའི་ཁ་ཏ་སློབ་གསོ་གཏོང་གིན་ཡོད།

གསུམ། ལྗིད་མོ་འདེགས་པ་དང་བརླན་ས་རུ་བསྡད་ན་མཁལ་མར་གནོད་པ།

ལྗིད་མོ་འདེགས་པ་ཞེས་པ་ནི་གོ་བདེ་བའི་སྒོ་ནས་བཤད་ན།རང་ཉིད་ཀྱི་ནུས་ཤུགས་ལས་བརྒལ་བའི་དངོས་པོ་ལྗིད་མོ་ཤུགས་ཀྱིས་འདེགས་པ་ལ་གོ དངོས་པོ་ལྗིད་མོ་ཤུགས་ཀྱིས་བཏེགས་ན་ཤ་གནད་དང་རྐེད་པ་སོགས་ལ་གནོད་འཚེ་ཕོག་པར་མ་ཟད།མཁལ་མ་ལའང་གནོད་པ་ཆེན་པོ་ཡོད་པ་དང་།དུས་ཡུན་རིང་པོར་བརླན་ས་རུ་བསྡད་ན་ལུས་པོར་བརླན་གཤིས་དང་གྲང་ངར་གྱི་གནོད་པ་ཐེབས་པའི་དབང་གིས་མཁལ་མ་ལའང་གནོད་འཚེ་ཐེབས་སྲིད།ང་ཚོར་རྒྱུན་དུ་འདི་འདྲའི་སྣང་ཚུལ་ཞིག་འབྱུང་སྲིད་དེ།ཡུན་རིང་པོར་བརླན་ས་རུ་འདུག་པའམ་ཡང་ན་རྡོ་ཐོག་ཏུ་ཙོག་ན་ཁོག་པ་བཤལ་བ་རེད།

བཞི། ལུས་པོ་འཁྱགས་པའམ་ཡང་ན་འཁྱགས་ཟས་ཟོས་ན་གློ་བར་གནོད་པ།

ལུས་པོ་འཁྱགས་པའམ་ཡང་ན་རྒྱུན་དུ་འཁྱགས་ཟས་བཟའ་རྒྱུར་དགའ་ན་གློ་བར་གནོད་འཚེ་ཐེབས་ཏེ།གློ་ལུ་བ་དང་ལུད་པ་མང་བ།སྣ་ཆུ་བཞུར་བ།སྣ་འཚུབ་པ་སོགས་ཀྱི་གནས་ཚུལ་འབྱུང་བ་དང་།ཀྲུང་ལུགས་གསོ་རིག་གིས་ཀྱང་གློ་ནད་དྲོད་ཀྱིས་བསྐྱངས་ཤིང་གྲང་ངར་འཛེམ་ཞེས་པ་ལྟར།གྲང་ངར་ཐེབས་པའམ་ཡང་ན་འཁྱགས་ཟས་ཟོས་ན་གློ་བར་གནོད་འཚེ་ཐེབས་སླ།དཔེར་ན་བྱིས་པ་རྣམས་ཀྱིས་སྐོམ་ཆུ་འཁྱགས་པ་འཐུང་ན་དབུགས་ལམ་གྱི་ནད་རིགས་སྣ་ཚོགས་འབྱུང་བ་ལྟ་བུའོ། །

ལྔ། ངལ་དུབ་བྱུང་ན་རིམས་འགོག་ནུས་པར་གནོད་པ།

ལུས་པོར་ངལ་དུབ་ཀྱིས་མནར་བར་མ་ཟད།རྒྱུན་དུ་སེམས་ཁམས་མི་སྐྱིད་པ་དང་བསམ་བློ་གཏོང་རྒྱུ་མང་ན་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་རེད།ངལ་རྩོལ་དང་ངལ་གསོ་མཉམ་འབྲེལ་བྱེད་དགོས་པ་ལས།རྩོལ་བ་ཁོ་ནར་བསྟེན་ན་རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་དང་གཉིད་མི་ཡོང་བ།སེམས་ཤུགས་ཉམས་པ་སོགས་ཀྱི་གནད་དོན་འབྱུང་སྲིད།

དྲུག ཆར་རླུང་ཚ་གྲང་གིས་ལུས་པོར་གནོད་པ།

ཀྲུང་ལུགས་གསོ་རིག་གི་ནང་དུ་ཆར་རླུང་ཚ་གྲང་བཞི་བོ་ནད་རིགས་སྣ་ཚོགས་འབྱུང་བའི་རྒྱུ་རུ་བརྩི།དོན་དངོས་སུ་དེ་ནི་ཕྱི་རོལ་ཡུལ་གྱི་གནོད་འཚེ་ལ་གོ་དགོས་པ་སྟེ།དཔེར་ན་ཆར་བས་བརླན་པ་དང་ལུས་པོ་འཁྱགས་པ།ཚ་གདུག་ཕོག་པ་སོགས་ཀྱིས་ལུས་པོའི་ནད་རིགས་སྣ་ཚོགས་སློང་སྲིད་པས་སོ།།

བདུན། འཇིགས་སྣང་གིས་རིམས་འགོག་ནུས་པར་གནོད་པ།

མིའི་སེམས་ཁམས་དང་བདེ་ཐང་གི་བར་དུ་འབྲེལ་བ་དམ་པོ་ཡོད།འཇིགས་སྣང་སྐྱེས་པའམ་ཡང་ན་འཁྲིག་སྤྱོད་ལ་ཚད་བཀག་མེད་ན་མཁལ་མ་ལ་གནོད་པར་མ་ཟད།མིའི་ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་སྟེ།ནད་རིགས་སྣ་ཚོགས་འབྱུང་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།