ཀྲུང་གོ་བོད་ཀྱི་དྲ་བ།

གཤིས་ཀས་རིམས་འགོག་ནུས་པར་ཤུགས་རྐྱེན་ཐེབས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འབུ་སྲིན་དང་ནད་དུག་གིས་ཉི་མ་རེ་རེ་བཞིན་མིའི་ལུས་པོར་གནོད་འཚེ་གཏོང་བཞིན་ཡོད།མི་ལུས་ལ་ནད་དུག་གི་གནོད་འཚེ་ཐེབས་པའི་སྐབས་སུ།རིམས་འགོག་མ་ལག་གིས་ནུས་པ་ཆེན་པོ་འདོན་སྤེལ་བྱེད་དགོས་པ་སྟེ། ཕྲ་ཕུང་ལ་བརྟེན་ནས་ནད་དུག་ལ་འགོག་རྒོལ་བྱེད་པ་དང་མེད་པར་བཟོ་དགོས། གོ་བདེ་བའི་སྒོ་ནས་བཤད་ན། རིམས་འགོག་ནུས་པ་ཞེས་པ་ནི་དོན་དངོས་སུ་མི་ལུས་རང་སྟེང་གི་འགོག་སྲུང་ནང་རྐྱེན་གྱི་འགོག་ཤུགས་དྲགས་པའི་སྐབས་སུ་ད་གཟོད་ཕྱི་རོལ་གྱི་འབུ་སྲིན་དང་ནད་དུག་འགོག་སྲུང་བྱེད་ཐུབ་པ་དང་།རིམས་འགོག་ནུས་པ་དྲག་པོ་ཞིག་ལྡན་ན་ད་གཟོད་ལུས་པོའི་འཐབ་འཛིང་ནུས་པ་ཇེ་མཐོར་འགྲོ་བ་དང་ནད་ཀྱི་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ།

“བློ་འཁེལ་བའི་མི”ཡི་རིམས་འགོག་མ་ལག་ཧ་ཅང་བཟང་བ།

མིའི་ལུས་སྟེང་གི་རིམས་འགོག་ནུས་པ་ཆེས་བཟང་བ་ནི་སྐྱེས་པ་ནས་འཆི་བའི་བར་དུ་འཐབ་འཛིང་ནུས་པ་དྲག་པོ་ལྡན་པ་དང་སྦྱོང་བརྡར་དམག་གྲབས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ།དུས་དང་རྣམ་པ་ཀུན་ཏུ་བཙན་འཛུལ་བྱེད་མཁན་གྱི་དགྲ་བོར་ཁ་གཏད་དེ།ངོ་ལོག་ཟིང་འཁྲུག་པ་ཕམ་པར་རྒྱག་ཐུབ་པའི་རྣམ་པ་ཞིག་ཡིན་མོད།འོན་ཀྱང་ཡིད་ཕངས་པ་ཞིག་ལ་མིའི་ལུས་སྟེང་གི་རིམས་འགོག་ནུས་པ་ནི་དེ་འདྲ་ཞིག་གཏན་ནས་མིན།མིའི་ལུས་སྟེང་གི་རིམས་འགོག་ནུས་པ་ནི་ནམ་ཡང་འགྱུར་བ་མེད་པ་ཞིག་མ་ཡིན་པར།དུས་དང་རྣམ་པ་ཀུན་ཏུ་དེ་ལ་འགྱུར་ལྡོག་འབྱུང་བཞིན་ཡོད།བཟའ་བཏུང་བདེ་འཇགས་དང་ངལ་གསོའི་དུས་ཚོད་ལ་ཆོས་ཉིད་ལྡན་པ།གཉིད་འདང་ཚོད་ལྡན་པ།སེམས་ཁམས་སྐྱིད་པོ་ཡོང་བ་བཅས་ཀྱིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ།དེ་ལས་གཞན་ད་རུང《ཀླད་པ་དང་འགུལ་སྐྱོད་དང་རིམས་འགོག་ནུས་པ》ཞེས་པའི་དུས་དེབ་དེའི་སྟེང་གི་རྒྱལ་སྤྱིའི་ཞིབ་འཇུག་གསར་པ་ཞིག་གི་མཇུག་འབྲས་ལས་ཤེས་པ་ལྟར་ན།རིམས་འགོག་ནུས་པས་མི་གཤིས་ཁྱད་ཆོས་དང་ཡུན་རིང་གི་ཤི་ཉེན་གྱི་འབྲེལ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད།

ཞིབ་འཇུག་དེ་ནི་ཨིར་ལན་ལི་མོ་ལི་ཁེ་སློབ་ཆེན་གྱི་སེམས་ཁམས་རིག་པའི་སྡེ་ཁག་དང་།འཇར་མན་གྱི་པེར་ལིན་ཧུང་པའོ་སློབ་ཆེན་གྱི་སེམས་ཁམས་རིག་པའི་སྡེ་ཁག ཨ་མེ་རི་ཁའི་ཧྥུ་ཅི་ཉི་ཡ་ནུབ་མའི་སློབ་ཆེན་གྱི་སེམས་ཁམས་རིག་པའི་སྡེ་ཁག་དང་ཧྥོ་ལོ་ལི་ཏ་ཁུལ་གཞུང་བཙུགས་སློབ་ཆེན་གྱི་གསོ་རིག་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་ཞིང་།ཞིབ་འཇུག་མི་སྣས་རིམས་འགོག་མ་ལག་ཁྲོད་ཀྱི་སྐྱེ་དངོས་རིག་པའི་མཚོན་རྟགས་གལ་ཆེན་གཉིས་ལ་བརྟག་དཔྱད་བྱས་ཏེ།མིའི་གཤིས་ཀ་དང་ཚེ་ཐག་བར་གྱི་འབྲེལ་བར་འགྲེལ་བཤད་རྒྱག་པའི་རེ་བ་བཅངས།

ཞིབ་འཇུག་འདིས་ཨ་མེ་རི་ཁའི་རྒན་པ་དང་དར་མ(ལོ35ནས86བར)957ལ་ལོ14རིང་གི་རྗེས་འདེད་བཅར་འདྲི་བྱས་ཏེ།ཕྲ་ཕུང་དཀར་པོའི་བར་རྒྱུ-6དངC-འགྱུར་འབྱུང་སྤྲི་དཀར་གཉིས་གཤིས་ཀ་དང་ཚེ་ཐག་བར་དུ་ཞུགས་ཡོད་མེད་ལ་ཚོད་ལྟ་བྱས།

འགན་འཁྲིའི་འདུ་ཤེས་ནི་མིའི་ལུས་སྟེང་གི་གཤིས་ཀ་ཧ་ཅང་ཡག་པོ་ཞིག་ཡིན་ཏེ།དེས་གཟབ་ནན་མཚོན་ཡོད་པས།འགན་འཁྲིའི་འདུ་ཤེས་དྲག་པོ་ཡོད་པའི་མི་ཞིག་ཡིན་ན་བྱ་བ་ཅི་ཞིག་བསྒྲུབས་རུང་གཟབ་ནན་གྱིས་བསྒྲུབ་ངེས་རེད།ཞིབ་འཇུག་ལས་མངོན་པ་ལྟར་ན།འགན་འཁྲིའི་འདུ་ཤེས་དང་ཚེ་ཐག་གི་བར་དུ་འབྲེལ་བ་དམ་པོ་ཡོད་པ་དང་།རྒྱུ་མཚན་ནི་འགན་འཁྲི་ལྡན་པའི་མིའི་རིམས་འགོག་ནུས་པ་ཧ་ཅང་བདེ་ཐང་ཡིན་ལ།ནང་སྒོས་སུ་ཁོ་ཚོའི་ཕྲ་ཕུང་དཀར་པོའི་བར་རྒྱུ-6གི་སྐྱེ་དངོས་མཚོན་རྟགས་ཀྱི་ཆུ་ཚད་ཧ་ཅང་དམའ་བས་རེད།བྱེ་བྲག་ཏུ་བཤད་ན།འགན་འཁྲིའི་འདུ་ཤེས་ཇི་ལྟར་ཤུགས་དྲག་པོ་ཡོད་ན་ཤི་ཚད་དེ་བས་དམའ་བ་དང་།C-འགྱུར་འབྱུང་སྤྲི་དཀར་དང་ཚེ་ཐག་གི་བར་དུ་འབྲེལ་བ་གང་ཡང་མེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།