ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་བར་སྲུང་སྐྱོབ་བྱེད་ཐབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་ཞིག་ཡིན་ན་ལན་རེར་ཟས་རིགས་མི་འཇུ་བ་དང་ཕོ་བར་མི་བདེ་བའི་ཚོར་སྣང་འབྱུང་བ་ནི་རྒྱུན་ལྡན་ཡིན་པས།རང་ཉིད་ཀྱིས་ཟ་ཚོད་འཛིན་པའམ་ཡང་ན་ཟས་རིགས་སྙོམ་སྒྲིག་བྱས་པས་ཆོག་མོད།འོན་ཀྱང་དུས་ཡུན་རིང་པོར་ཕོ་བ་མི་བདེ་བའི་ཚོར་སྣང་བྱུང་ན་དེ་ལ་མཐོང་ཆེན་བྱེད་དགོས།ནང་སྒོས་སུ་དུས་རྒྱུན་གྱི་འཚོ་བའི་ནང་དུ་གཤམ་གྱི་ཕྱོགས་འགའ་ལ་མཉམ་འཇོག་ལེགས་པོ་བྱེད་དགོས་པ་སྟེ། 

གཅིག སྐྱུར་ཚའི་ཕོག་ཐུག་རིགས་ཀྱི་ཟས་རིགས་ཉུང་བཟའ་བྱེད་དགོས། 

སྐྱུར་ཚའི་རིགས་དང་ཁཱ་ཧྥེ།ཇ་གར་པོ་བཅས་ཀྱིས་ཕོ་བའི་འབྱར་སྐྱི་ལ་ཕོག་ཐུག་བཟོ་སྲིད་པས་ཉུང་བཟའ་བྱེད་དགོས་ལ།འཁྱགས་ཟས་རིགས་ཀྱིས་ཕོ་རྒྱུའི་རྩ་འཁུམ་སློང་ངེས་པས་ཚ་མོར་བཟོ་བའམ་ཡང་ན་དྲོད་འཇམ་དུ་གྱུར་རྗེས་ད་གཟོད་སྤྱོད་དགོས།དེ་ལས་གཞན་ད་རུང་སྣུམ་བཙོས་ཟས་རིགས་དང་ཧམ་སྤུ་བརྒྱབ་ཡོད་པ།ཟས་རིགས་བསྙལ་མ་སོགས་ཉུང་བཟའ་བྱས་ཏེ།ཟས་རིགས་གསར་པའི་རིགས་མང་དུ་བསྟེན་པ་དང་།ཅི་ཐུབ་ཀྱིས་སྣུམ་དང་ཚྭ་ཉུང་བའི་ཟས་རིགས་དང་འཇུ་སླ་བའི་ཟས་རིགས་བསྟེན་དགོས། 

གཉིས། ཆང་དང་དུ་བ་བག་མེད་དུ་མི་བསྟེན་པ། 

ཆང་བཅུད་ཀྱིས་ཕོ་བའི་འབྱར་སྐྱི་ལ་དངོས་ལུགས་རང་བཞིན་གྱི་གནོད་འཚེ་བཟོ་བར་མ་ཟད།དེའི་འབྲས་སྐྲན་འབྱུང་བའི་ཚོར་རྐྱེན་རང་བཞིན་ཇེ་མཐོར་བཏང་སྟེ།སྟེང་པགས་ཕྲ་ཕུང་ལ་ཡང་ནས་བསྐྱར་དུ་གནོད་འཚེ་བཟོ་བ་དང་ཡང་ནས་བསྐྱར་དུ་སླར་གསོ་འབྱུང་བའི་གོ་རིམ་ཁྲོད་གཞན་འགྱུར་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བཞིན་ཡོད།དུ་བ་འཐེན་པའི་སྐབས་སུ་གནོད་ལྡན་དངོས་པོས་ཐད་ཀར་ཕོ་བའི་འབྱར་སྐྱི་ལ་ཕོག་ཐུག་གཏོང་བ་དང་།དེ་ནས་ཁྲག་གི་འཁོར་རྒྱུག་ལ་གཏོར་བརླག་ཐེབས་ཏེ།ཕོ་བའི་འབྱར་སྐྱི་ལ་སྲུང་སྐྱོབ་བྱེད་པའི་ནང་རྐྱེན་ལ་གནོད་འཚེ་ཐེབས་སྲིད། 

གསུམ། ལྟོགས་འགྲང་སྙོམས་པོ་ཡོང་བར་བྱེད་དགོས།

ཕོ་བ་ལྟོགས་པའི་སྐབས་སུ།ཕོ་བའི་ནང་གི་ཕོ་སྐྱུར་དང་སྤྲི་རྩབས་ཇེ་མང་དུ་འགྲོ་བར་མ་ཟད་འདུས་ཚད་ཧ་ཅང་མཐོ་བས།ཕོ་བའི་འབྱར་སྐྱི་རང་འཇུ་བྱེད་སླ་བ་རེད།འགྲང་དྲགས་ན་ཕོ་ལྡེབས་རྒྱ་སྐྱེད་པའམ་ཡང་ན་ཟས་རིགས་ཕོ་བའི་ནང་དུ་གསོག་ཡུན་ཅུང་རིང་བ་སོགས་ཀྱི་དབང་གིས་ཕོ་བ་རང་སྟེང་གི་སྲུང་སྐྱོབ་ནང་རྐྱེན་ལ་གཏོར་བརླག་ཐེབས་ཏེ་ཕོ་བར་གནོད་འཚེ་ཐེབས་སྲིད།དེ་ལས་གཞན་ད་རུང་ཟས་རིགས་མགྱོགས་བཟའ་བྱེད་པ་དང་སྣུམ་དང་ཚྭ་མང་བའི་ཟས་རིགས་བཟའ་བ།ཟས་རིགས་ཚ་མོ་བཟའ་རྒྱུར་དགའ་བ་བཅས་ཀྱིས་ཀྱང་དལ་གཤིས་ཕོ་ཚད་སློང་ངེས་པས།བཟའ་བཏུང་ཆོས་ཉིད་ལྡན་པར་བྱེད་དགོས་ལ།མགྱོགས་བཟའ་མི་བྱེད་པ་དང་རྒྱགས་ཆོད་པ་མི་བཟའ་བར་མ་ཟད།ཞིབ་མོར་བལྡད་དེ་དལ་མོར་མིད་དགོས། 

བཞི། དུས་མ་རན་པའི་ཟས་མི་བཟའ་བ།

ཉིན་རེ་རེར་དུས་མ་རན་པའི་ཟས་བཟའ་བ་དང་ཡང་ན་མཚམས་མི་འཇོག་པར་བཟའ་བ་སོགས་ཀྱིས་ཕོ་བའི་གཤེར་ཟགས་འཁྲུགས་ཏེ།ཕོ་བའི་འབྱར་སྐྱི་ལ་གནོད་འཚེ་ཐེབས་སྲིད།དེ་བས་བཟའ་བཏུང་སྤྱོད་པའི་དུས་ཚོད་གཏན་ཁེལ་བྱེད་པ་དང་ཉིན་རེར་ཟས་ཐུན་གསུམ་དང་ཡང་ན་བཞི་སྤྱོད་པ་གཏན་ཁེལ་བྱེད་དགོས།རྒན་པ་རྣམས་ལ་ཚད་ཉུང་གཞི་རྒྱུ་མི་འདང་བ་སོགས་ཀྱི་གནས་ཚུལ་འབྱུང་སླ་བས།སྨན་པའི་ཁྲིད་སྟོན་འོག་ཚད་ཉུང་གཞི་རྒྱུ་ཁ་གསབ་བྱེད་པར་འབད་དགོས། 

ལྔ། ཉལ་ཁར་ཟས་མི་སྤྱོད་པ། 

གཉིད་པའི་སྐབས་སུ་ལུས་སྟེང་གི་དབང་པོ་མང་ཤས་ཤིག་ངལ་གསོ་བྱས་ཡོད་པས།གལ་ཏེ་ཉལ་ཁར་ཟས་བསྟེན་ན།ཕོ་རྒྱུའི་གནོན་ཤུགས་ཇེ་དྲག་ཏུ་བཏང་སྟེ།ཕོ་བའི་འབྱར་སྐྱི་སླར་གསོ་འབྱུང་མི་ཐུབ་པས།དུས་ཡུན་རིང་ན་ཕོ་བའི་རུལ་མྱགས་དང་ཕོ་བའི་རལ་ཟགས་སོགས་ཀྱི་ནད་རིགས་འབྱུང་སླའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།