ཀྲུང་གོ་བོད་ཀྱི་དྲ་བ།

ངུས་ན་ལུས་ཕུང་བདེ་ཐང་ཡོང་བར་ཕན་པ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེང་སྐབས་ཚན་རིག་པ་མི་ཉུང་བ་ཞིག་གིས་ངུས་ན་བདེ་ཐང་ལ་ཕན་པའི་རིགས་པའི་གཞུང་ལུགས་མང་པོ་ངོ་སྤྲོད་བྱེད་ཀྱིན་ཡོད། གནས་ལུགས་ཅི་ལྟ་བུ་ཞིག་ཡིན་པ་ཁྱོད་ཚོས་ཤེས་སམ། ཚན་རིག་པ་དག་གི་ཞིབ་འཇུག་ལྟར་ན། མི་ཞིག་སེམས་པ་མ་སྐྱིད་པར་ངུས་ནས་བྱུང་བའི་མིག་ཆུ་དང་དྲོས་འཁྱག་གམ་ཆམ་ནད་བྱུང་བའི་མིག་ཆུ། དེ་མིན་མིག་ནང་དུ་བྱེ་མ་འཛུལ་བའི་མིག་ཆུ་སོགས་མིག་ཆུ་ཡིན་པ་འདྲ་འདྲ་ཡིན་རུང་། དེ་དག་གི་ནང་དུ་འདུས་པའི་རྫས་འགྱུར་གྱི་གྲུབ་ཆ་མི་འདྲ་བ་རེད། སེམས་པ་མ་སྐྱིད་པར་ངུས་ནས་བྱུང་བའི་མིག་ཆུའི་ནང་དུ་ན་ཟུག་གམ་མི་སེམས་ལྷོད་འཇགས་སུ་གཏོང་བའི་དངོས་པོ་འདུས་ཡོད་པས། སྡུག་བསྔལ་གྱིས་བདེ་ཐང་ལ་གནོད་པའི་ཚད་ཇེ་ཉུང་དུ་གཏོང་ཐུབ། ཡང་གཅིག་བཤད་ན། སེམས་སྡུག་ཆེན་པོ་བྱུང་ཡང་མིག་ཆུ་ཕྱིར་ཕུད་མ་ཐུབ་ན། མིག་ཆུ་སྣ་ཁུང་བརྒྱུད་དེ་ཕོ་བའི་ནང་དུ་བཞུར་བ་དང་། མིག་ཆུའི་ནང་འདུས་པའི་གནོད་ལྡན་དངོས་པོས་དབུགས་འཚང་བ་དང་ཕོ་སྨུག་གི་ནད། དེ་མིན་སྙིང་ནད་དང་ཁྲག་རྒྱུན་འཁོར་རྒྱུག་གི་ནད་སོགས་སློང་གིན་ཡོད་པ་རེད།

གསོ་རིག་མཁས་པ་མང་པོས་སྔར་བས་ཞིབ་འཇུག་གང་ལེགས་བྱས་ནས་བསྟན་དོན། སེམས་སྡུག་པའི་སྐབས་ཀྱི་མིག་ཆུའི་ནང་དུ་སྤྲི་དཀར་གྱི་འདུས་ཚད་ཅུང་མཐོ་ཞིང་། ཏག་ཏག་སྐབས་དེར་སྡུག་བསྔལ་སྲོན་མི་ཐུབ་པ་སྐྱེས་པ་ལས་གནོན་ཤུགས་དངོས་པོ་ཞིག་བྱུང་བ་དང་། ངུས་ནས་བྱུང་བའི་མིག་ཆུས་དངོས་པོ་དེ་རིགས་ལུས་སྟེང་ནས་ཕྱིར་བཏོན་པས། མིའི་ལུས་ཁམས་ཀྱིས་སེམས་མི་སྐྱིད་པ་དང་གནོད་ལྡན་དངོས་པོ་དེ་རིགས་ཀྱི་གནོད་འཚེ་མྱོང་མ་དགོས་པ་རེད།

དེའི་ཕྱིར། ང་ཚོས་རྒྱུན་པར་བཟོད་བསྲན་བྱེད་དགོས་ཞེས་བཤད་ཀྱིན་ཡོད་མོད། འོན་ཀྱང་ངུ་འདོད་རུང་མ་ངུས་པར་ཚད་ལས་བརྒལ་བའི་བཟོད་བསྲན་བྱས་ན་ལུས་པོའི་བདེ་ཐང་ལ་གནོད་པ་ཐེབས་ཀྱིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།