ཀྲུང་གོ་བོད་ཀྱི་དྲ་བ།

ཕྱུག་པོའི་བསླབ་རིམ་གྱི་བསླུ་བྲིད་ཐེབས་པར་གཟབ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : པདྨ་མཚོས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཚོ་བའི་ཁྲོད་དུ། སློབ་སྦྱོང་ལ་མི་དགའ་བའི་སློབ་གྲོགས་ཚོས་ནམ་རྒྱུན་འདི་ལྟར་བརྗོད་ངེས་ཏེ། དངོས་ཡོད་སྤྱི་ཚོགས་ནང་ཚོང་བདག་ཆེན་མོ་དང་ཕྱུག་པོ་མང་པོ་ཞིག་གིས་སློབ་སྦྱོང་བྱས་མ་མྱོང་བའམ་ཡང་ན་སློབ་སྦྱོང་བྱས་པ་ཧ་ཅང་ཉུང་ཡང་། ཁོ་ཚོ་སྔར་བཞིན་རྒྱུ་དང་འབྱོར་བས་རབ་ཏུ་ཕྱུག་ཡོད་པས། ང་ཚོས་སློབ་སྦྱོང་བྱེད་པར་རིན་ཐང་ཅི་ཞིག་ཡོད་དམ་ཞེས་པ་དེའོ། །

དོན་ལ་སློབ་གྲོགས་དེ་དག་གིས་བསླབ་རིམ་དམའ་བའི་ཕྱུག་པོ་ཚོ་དཔེར་དྲངས་ཏེ་རང་ཉིད་སློབ་སྦྱོང་ལ་མི་དགའ་བར་ཁ་གཡར་ས་ཙམ་བཙལ་བ་རེད། དངོས་གནས་བསླབ་རིམ་དམའ་བའི་ཕྱུག་པོ་ཁག་ཅིག་གིས་སློབ་ཆེན་གྱི་སྒོ་ཐེམ་རྡོག་པས་མནན་མྱོང་མེད་པ་དང་། མང་ཆེ་བ་ནི་སློབ་འབྲིང་མཐར་ཕྱིན་པ་ཙམ་ཡིན་ལ། ལ་ལ་ཞིག་ཐ་ན་སློབ་ཆུང་ཡང་མཐར་ཕྱིན་མི་འདུག་མོད། འོན་ཀྱང་རྐྱེན་དེ་དག་ཁོ་ཚོ་གྲུབ་འབྲས་ལྡན་པའི་མི་ཞིག་ཏུ་གྱུར་པའི་འགལ་རྐྱེན་དུ་གྱུར་མེད། འབྲེལ་ཡོད་མི་སྣས་ཕྱུག་པོ་ཚོའི་བསླབ་རིམ་ལ་སྡོམ་རྩིས་བྱས་པ་གཤམ་གསལ་ལྟར། 1999ལོར་ཀྲུང་གོའི་ཕྱུག་པོ་མང་ཆེ་བ་ཞིག་ལ་མ་གཞི་སློབ་ཆུང་དང་སློབ་འབྲིང་གི་བསླབ་རིམ་ཙམ་མ་གཏོགས་མེད། 2003ལོར་སླེབས་རྗེས་ཕྱུག་པོའི་རིམ་ཐོའི་ནང་ཆེད་སྦྱོང་དང་དངོས་གཞིའི་བསླབ་རིམ་ཡན་གྱི་མིས57%ཟིན་ཡོད་ཅིང་། 2008ལོའི་རྗེས་སུ་ཕྱུག་པོ་ཚོའི་བསླབ་རིམ་དེ་རིམ་བཞིན་མཐོ་རིམ་དང་ཚད་མཐོན་པོར་སྙེག་བཞིན་ཡོད་ལ། དེ་ལས་མང་ཤོས་ཞིབ་འཇུག་སློབ་མ་དང་འབུམ་རམས་པ། འབུམ་རམས་ཕྱི་ཚར་བ་བཅས་ཡིན་པས། ངོ་མ་གཅིག་ལས་གཅིག་ལྷག་པ་ཞིག་གོ། །

ང་ཚོ་ཚང་མས་ཧྲིན་ཏཱ་དྲ་བའི(盛大网络 )སྤྱི་གཉེར་པ་ཁྲེན་ཐེན་ཆའོ་དང་། ཧྭ་ཡུས་སྤུན་ཟླ་སྨྱན་བྱད་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཝང་ཀྲུང་ཅུན། པའེ་ཏུའུ་ཀུང་སིའི(百度公司)སྤྱི་གཉེར་པ་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ལི་ཡན་ཧུང་། སོའུ་ཧུའུ་ཀུང་སིའི(搜狐公司)སྤྱི་གཉེར་ཚོགས་པའི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཀྲང་ཁྲའོ་དབྱང་། ཐེང་ཞུན་ཀུང་སིའི(腾讯公司)སྤྱི་གཉེར་ཚོགས་པའི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་མཱ་ཧྭ་ཐེང་སོགས་ཤེས་ངེས་རེད། ཡིན་ཡང་ཁྱོད་རང་གིས་ལོ་ན་གཞོན་པའི་ཕྱུག་པོ་དེ་དག་གི་བསླབ་རིམ་ལ་རྒྱུས་ལོན་བྱས་མྱོང་ཡོད་དམ།

ཁྲེན་ཐེན་ཆའོ་ཀྲུང་གོའི་ཧྥུའུ་ཏན་སློབ་ཆེན་ནས་མཐར་ཕྱིན་པར་མ་ཟད། དཔལ་འབྱོར་རིག་པའི་ཤེས་རམས་པའི་བསླབ་གནས་བླངས་ཡོད། ཝང་ཀྲུང་ཅུན་ཨ་རིའི་སྨི་ཞི་ཀེན་སློབ་ཆེན་གྱི་སྨྱན་བྱད་ཆེད་ལས་ནས་སློབ་མཐར་ཕྱིན་པ་རེད། ལི་ཡན་ཧུང་ནི་པེ་ཅིན་སློབ་ཆེན་གྱི་ཆ་འཕྲིན་དོ་དམ་ཚན་ཁག་ནས་སློབ་མཐར་ཕྱིན་པ་དང་། ཨ་རིའི་པུའུ་ཧྥ་ལུའོ་ཉིའུ་ཡུའེ་ཀྲོའུ་ལི་སློབ་ཆེན་གྱི་རབ་འབྱམས་པའི་བསླབ་གནས་ཐོབ་ཡོད། ཀྲང་ཁྲའོ་དབྱང་ནི་ཆིན་ཧྭ་སློབ་ཆེན་གྱི་དངོས་ལུགས་སྡེ་ཁག་ནས་སློབ་ཐོན་བྱུང་ཞིང་ཨ་རིའི་མ་ཧྲིན་རང་བྱུང་ཚན་རིག་བཟོ་སྐྲུན་སློབ་གླིང་གི་འབུམ་རམས་པའི་བསླབ་གནས་བླངས་ཡོད། གཞན་མ་ཧྭ་ཐེང་ཡང་ཧྲེན་ཀྲེན་སློབ་ཆེན་གྱི་རྩིས་འཁོར་སྡེ་ཁག་ནས་སློབ་མཐར་ཕྱིན་པའོ། །

དེང་སྐབས་ཀྱི་དུས་རབས་ནི་སྔོན་ཆད་ཀྱི་ཕྱུག་པོ་ཚོའི་དུས་སྐབས་དེ་དང་མི་འདྲ་བར་མངོན། ཁོ་ཚོའི་དུས་རབས་དེར་སློབ་གསོ་བཟང་པོ་མྱོང་མ་ཐུབ་པའི་ཡོངས་ཁྱབ་ཀྱི་རྒྱུ་རྐྱེན་ཞིག་ནི་ན་གཞོན་པའི་སྐབས་སུ་འཚོ་བར་ཆ་རྐྱེན་མེད་པས་ཡིན་ལ། དཔེར་ན་སློབ་སྦྱོང་བྱེད་འདོད་ཀྱང་གོ་སྐབས་མེད་པ་དང་། དཔེ་ཆར་ལྟ་ཀློག་བྱེད་འདོད་ཀྱང་དཔེ་ཆ་ཉོ་དཀའ་ལ། ཐ་ན་རྒྱུན་ལྡན་ངང་སློབ་མཐར་ཕྱིན་ཐབས་མེད་པས་རེད། གལ་ཏེ་སྐབས་དེར་ཁོ་ཚོར་སློབ་སྦྱོང་བྱེད་པའི་རང་དབང་གི་གདམ་གསེས་ཤིག་ཡོད་ཚེ། མི་སུས་ཀྱང་གོ་སྐབས་དེ་བསྐྱུར་མི་སྲིད་པ་ཁོ་ཐག་རེད། བསླབ་རིམ་མེད་སྟབས་ད་གཟོད་གཞན་ལས་ལྷག་པའི་འབད་བརྩོན་བསྐྱེད་དེ་རང་ཉིད་མཐོར་འདེགས་བྱས་པ་ནི་ཁོ་ཚོ་རང་ཉིད་ཁོ་ནས་གསལ་པོར་རྟོགས་སྲིད། ཁོ་ཚོས་ཁེ་ལས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་གསར་པ་དང་འཚམ་པར་བྱེད་ཆེད། བྲེལ་འཚུབ་ཆེ་བའི་དོ་དམ་ལས་ཀའི་ཁྲོད་མུ་མཐུད་དུ་སློབ་སྦྱོང་བྱེད་པ་དང་སྦྱངས་ཟིན་པའི་ཤེས་བྱ་དག་ཁེ་ལས་ཀྱི་བདག་གཉེར་དོ་དམ་ཁྲོད་བེད་སྤྱོད་བྱེད་པར་མ་ཟད། རང་ཉིད་ཀྱི་ཁེ་ལས་ལ་ཁ་ལོ་བསྒྱུར་བའི་ཤེས་བྱ་དང་ནུས་པ་ཇེ་ཆེར་གཏོང་བཞིན་ཡོད། འབྲེལ་ཡོད་མི་སྣས1999ལོ་ནས2009ལོའི་བར་གྱི་ཀྲུང་གོའི་ཕྱུག་པོའི་རིམ་ཐོའི་ནང་ཚུད་པའི་ཕྱུག་པོ་ཚོའི་སློབ་སྦྱོང་གི་གནས་ཚུལ་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། སློབ་ཆེན་དངོས་གཞི་དང་ཆེད་སྦྱོང་བསླབ་རིམ་ཡོད་པའི་འབྱོར་ཕྱུག་ཅན་གྱི་ཁེ་ལས་པའི་གྲས་སུ། མི་མང་པོ་ཞིག་གིས་རང་སྦྱོང་རྒྱུགས་ལེན་དང་རྒྱང་སྒྲོག་གློག་བརྙན་འཕྲིན་སློབ་ཆེན། རྒྱང་བསྟེན་དང་དྲ་རྒྱའི་སློབ་གསོ་སོགས་ཀྱི་རྣམ་པ་བརྒྱུད་དེ་རང་གི་སློབ་གཉེར་བྱ་བ་ཡོངས་འགྲུབ་བྱས་པ་ཡིན་འདུག

བསླབ་རིམ་མེད་ཀྱང་ཕྱུག་པོར་འགྱུར་ཐུབ་པ་འདྲ་བའི་འཕྲུལ་སྣང་གིས་རང་གི་མིག་ཟུང་སྒྲིབ་མི་རུང་། བསླབ་རིམ་མེད་པ་དེ་ལས་ཁོ་ཚོས་འབད་འབུངས་མི་བྱེད་པ་མཚོན་ག་ལ་ཐུབ། ཚན་རྩལ་འཕེལ་རྒྱས་མྱུར་ཞིང་ཚོང་རའི་དཔལ་འབྱོར་ལ་འགྱུར་ལྡོག་མང་བ་དང་། ཤེས་བྱའི་གསར་སྒྱུར་མྱུར་ཚད་ཧ་ཅང་མགྱོགས་པའི་དུས་རབས་འདིར། བསླབ་རིམ་མེད་པའི་མི་ཞིག་གིས་ཁྱད་དུ་འཕགས་པའི་གྲུབ་འབྲས་ཤིག་ཐོབ་འདོད་ན་ཧ་ཅང་ཁག་པོ་ཞིག་རེད།

1992ལོར། ཨ་མེ་རི་ཁར་ལས་ཞུགས་པ་མི་ཁྲི400ལྷག་སློབ་སྦྱོང་གི་དཔུང་ཆེན་ནང་ཞུགས། ཁོ་ཚོ་ལས་ཁ་ཤས་ཀྱིས་གལ་ཏེ་སློབ་སྦྱོང་མ་བྱས་ཚེ་ཉེན་ཁ་ཆེན་པོ་དང་འཕྲད་སྲིད་པར་ཤེས་རྟོགས་བྱུང་བ་དང་། ཁ་ཤས་ནི་ཁེ་ལས་ཀྱི་རྐང་འཛིན་པ་ཡིན་པས། ཁེ་ལས་ཀྱིས་གྲོན་དངུལ་བཏང་ནས་ཁོ་ཚོར་མུ་མཐུད་དུ་ཟབ་སྦྱོང་བྱེད་དུ་བཅུག་པ་རེད། ཁེ་སྤོགས་དམིགས་ཡུལ་དུ་འཛིན་པའི་ཁེ་ལས་ཀྱིས་མ་རྩ་བརྡིབས་པའི་ཉོ་ཚོང་བྱེད་མི་སྲིད་པ་ནི་སྨོས་མེད་ཡིན་ལ། རྐང་འཛིན་པ་དེ་དག་གིས་ཡང་བསྐྱར་སློབ་སྦྱོང་བྱས་རྗེས་བྱ་བའི་ལས་ཆོད་མངོན་གསལ་གྱིས་མཐོར་འདེགས་འབྱུང་སྲིད།

བསམ་བློ་རེ་བཏང་ཚེ། ལོ་ཟླའི་འགྱུར་བག་རྒོད་པའི་དེང་གི་དུས་རབས་འདིར། བསླབ་རིམ་ནི་རྟག་ཏུ་ཁེ་ལས་ཀྱིས་ལས་མིའི་ནུས་པ་དཔོག་བྱེད་ཀྱི་གཞི་རྩའི་ཆ་རྐྱེན་ཞིག་ཏུ་མངོན་པ་ཡིན། རྒྱུ་མཚན་ནི་དེས་ཀུང་སི་ཧྲིལ་པོའི་ཤེས་བྱའི་གྲུབ་ཚུལ་དང་བྱང་ཚད་ཐག་གཅོད་བྱེད་པས་སོ། ། གལ་སྲིད་སློབ་ཆེན་བསླབ་རིམ་གྱི་རྨང་གཞི་མེད་ཚེ། བྱ་གཞག་རླབས་ཆེན་ཞིག་སྒྲུབ་འདོད་པར་དཀའ་ཁག་ཅི་འདྲའི་ཆེ་བ་ཁྱོད་ཀྱིས་ཤེས་སམ། བསླབ་རིམ་མ་མཐོ་ན་ལས་རིགས་གདམ་གསེས་བྱེད་པའི་གོ་སྐབས་ཧ་ཅང་ཉུང་ཞིང་། ཡོན་ཚད་མཚོན་པའི་ཤོག་ལྷེ་ཅིག་གིས་རང་ཉིད་དགའ་བའི་ལས་རིགས་དང་ཁ་ཐག་ཇེ་རིང་དུ་གཏོང་སྲིད། གོ་སྐབས་ཤོར་བའི་སྐབས་སུ། ཁྱོད་རང་ཁེ་ལས་དེས་རང་ཉིད་ལ་ཤེས་ཡོན་ངོམས་པའི་གོ་སྐབས་ཙམ་ཡང་མ་སྤྱིན་པར་སྐྱོ་ངལ་སྐྱེ་སྲིད། བསླབ་རིམ་གྱིས་ད་ལྟ་སྒོ་གླེགས་འབྱེད་བྱེད་ལྟ་བུའི་ནུས་པ་མང་དུ་ཐོན་བཞིན་ཡོད་ཀྱང་། སྒོ་གླེགས་འབྱེད་བྱེད་དེ་རང་ཉིད་རྒྱལ་ཁའི་ཕྱོགས་སུ་བགྲོད་པའི་ལམ་ཁའི་བཀག་ཏུ་གྱུར་ནས་ཁྱོད་ཀྱི་མི་ཚེའི་གོ་སྐབས་མང་པོ་འཆོར་དུ་འཇུག་ཀྱང་སྲིད། བྱ་བ་འཚོལ་བ་དང་ལས་ཞུགས་བྱེད་པ། ཟླ་ཕོགས་འཕར་བ། གོ་གནས་འཕར་བ། ལས་རིམ་དཔྱད་འཇོག་བྱེད་པ། ཐོབ་ཐང་རྒྱུགས་ལེན་བྱེད་པ་སོགས་གང་ཡིན་ཡང་བསླབ་རིམ་དང་རག་མ་ལས་པ་གཅིག་ཀྱང་མེད།

བསླབ་རིམ་ཡོད་ཚེ་ད་གཟོད་གོ་སྐབས་ལྡན། དེར་བརྟེན་གཞན་ལ་དད་མོས་བྱེད་པ་ལས་རང་ཉིད་ཡར་བསྐྱེད་ཀྱི་ཐབས་ལ་འབད་ན་བཟང་ངོ་། ། དེ་བས་ན་གཞོན་རྣམ་པས་ད་ལྟ་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། མ་འོངས་པའི་མི་ཚེའི་བགྲོད་ལམ་ལ་རྨང་གཞི་འདིང་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།