ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་རང་བཞིན་གྱི་ཟས་དུག་ཕོག་པར་དོགས་ཟོན་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས། རློན་ཚད་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པས། ནད་སློང་སྐྱེ་དངོས་ཕྲ་རབ་སྣ་ཚོགས་སྐྱེ་འཕེལ་བྱེད་པར་འཚམ་པ་དང་། ཟས་རིགས་རུལ་སླ་བ།དེའི་ཁར་འབུ་སྦྲང་མང་བས་ཟས་ལ་སྦགས་བཙོག་བཟོ་བཞིན་ཡོད་ལ། གལ་ཏེ་ནད་འབུ་དང་ནད་འབུ་དུག་རྒྱུས་སྦགས་བཙོག་བཟོས་པའི་ཟས་རིགས་ཟོས་ན་ཟས་དུག་ཕོག་པའི་ཉེན་ཁ་ཧ་ཅང་ཆེ། ལོ་རེའི་སྐབས་འདིའི་འཛད་སྤྱོད་ཞུ་གཏུག་གནས་ཚུལ་ལ་བལྟས་ན།འཛད་སྤྱོད་རྩོད་གཞི་མང་ཆེ་བ་ནི་དུས་ཚིགས་རང་བཞིན་གྱི་ཟས་དུག་ཕོག་པ་དང་ཟས་རུལ་བ་སོགས་ཀྱི་སྟེང་དུ་འདུས་ཡོད། འཛད་སྤྱོད་པའི་ལུས་ཕུང་བདེ་ཐང་ལ་འགན་ལེན་བྱེད་ཆེད།གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེ་བའི་འཛད་སྤྱོད་པར་ཟ་མ་ཟ་སྐབས་གཤམ་གྱི་གནད་དོན་བདུན་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད།

གཅིག གཉེན་སྟོན་སོགས་མི་མང་མཉམ་དུ་འདུས་ནས་ཟ་མ་ཟ་སྐབས། གང་ཐུབ་ཅི་ནུས་ཀྱིས་ཟས་རིགས་འཕྲོད་བསྟེན་ཐད་ཀྱི་མཚན་སྙན་བཟང་བའི་བཟའ་བཏུང་ཁེ་ལས་འདེམས་དགོས།

གཉིས། ཟ་མ་ཟ་སྐབས་ཟ་མ་མཁོ་སྤྲོད་སྡེ་ཚན་གྱི་ཐབ་ཚང་དང་། ཟ་ཁང་།གསོལ་ཆས། དེ་མིན་ད་རུང་ཞབས་ཞུ་མི་སྣ་སོགས་ཀྱི་སྤྱིའི་འཕྲོད་བསྟེན་གནས་ཚུལ་ལ་དོ་སྣང་བྱེད་དགོས་།

གསུམ། ཚོད་མ་འདེམས་སྐབས། འགྲོན་བུ་དང་སྡིག་སྲིན། ཉ་སྦལ། ལྕོང་མོ་སོགས་ཆུ་ཐོན་དངོས་རྫས་རྗེན་བཟའ་བྱེད་པར་འཛེམ་དགོས།

བཞི། རྒྱས་བཟའ་རྒྱས་འཐུང་བྱེད་མི་རུང་བ་དང་། འཁྱག་པའི་རིགས་གང་ཐུབ་ཀྱིས་ཉུང་འཐུང་བྱེད་དགོས་ལ། ཚོར་དབང་རྒྱུན་ལྡན་མིན་པ་དང་ཡང་ན་བཙོས་ནས་ཚོས་མེད་པའི་ཟས་རིགས་དང་འཕྲད་ན་ཟ་མཚམས་འཇོག་དགོས་པར་མ་ཟད།འཕྲལ་དུ་ཟ་ཁང་ལ་ཡར་ཞུ་བྱེད་དགོས།

ལྔ། ཟ་མ་ཟོས་ཚར་རྗེས། ཕ་རོལ་པོའི་ལག་ནས་འཛིན་ཡིག་སོགས་ཟ་མ་ཟོས་པའི་འབྲེལ་ཡོད་དཔང་རྟགས་ལེན་དགོས།གལ་ཏེ་ཚུལ་འགལ་གྱི་གནས་ཚུལ་བྱུང་ན་དཔང་ཡིག་ཁྱེར་ནས་ཞུ་གཏུག་བྱེད་ཆོག

དྲུག ཚོང་རའི་ནང་མཐོང་མ་མྱོང་བའི་རི་སྐྱེས་སྔོ་ཚལ(ཤ་མོའི་རིགས)བཟའ་མི་རུང་ལ། མཐོང་མྱོང་བའི་རི་སྐྱེས་སྔོ་ཚལ(ཤ་མོའི་རིགས)ཡང་བག་མེད་དུ་བཟའ་མི་རུང་།

བདུན། ཟ་མ་ཟོས་རྗེས་གལ་ཏེ་ཞེན་ཁ་ལོག་པ་དང་སྐྱུགས་མེར་ལངས་པ།ཕོ་བ་ན་བ། ཁོག་པ་བཤལ་བ།ཚ་རྒྱས་པ་སོགས་ཀྱི་ནད་རྟགས་བྱུང་ན།མྱུར་དུ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་དགོས་པར་མ་ཟད། སྨན་ཁང་གི་སྨན་བཅོས་ཟིན་ཐོ་ཉར་ཚགས་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།