འོ་མ་འཐུང་དུས་ཀྱི“རྒྱུན་ཤེས”འདི་དག་ནི་ནོར་འཁྲུལ་ཡིན།

འོ་མ་ནི་མི་རྣམས་ཀྱིས་ནངས་ཇ་འཐུང་སྐབས་མེད་དུ་མི་རུང་བའི་བཏུང་བྱ་ཞིག་དང་། ཆེས་གནའ་བོའི་རང་བྱུང་གི་བཏུང་བྱའི་རིགས་ཤིག་ཡིན་ལ། དེར་འཚོ་བཅུད་ཕུན་སུམ་ཚོགས་པས། ཁྲག་རྒྱུན་དཀར་པོ་ཞེས་པའི་མཚན་སྙན་ཐོབ་ཡོད་མོད། འོན་ཀྱང་མི་རྣམས་ཀྱིས་དེར་ཤེས་རྟོགས་ཡང་དག་བྱེད་ཤེས་ཀྱིན་མེད་པས། ང་ཚོས་དེ་རིང་འོ་མ་འཐུང་བའི་ཐད་ཀྱི“རྒྱུན་ཤེས”ནོར་འཁྲུལ་ཅན་འགའ་བཤད་པར་བྱ།

ལྟོ་སྟོང་དུ་འོ་མ་འཐུང་མི་རུང་བར་བཤད་པ།

ལྟོ་སྟོང་ལ་འོ་མ་འཐུང་ན། འོ་སྤྲི་དང་འོ་ཧྭགས་ཀྱིས་ནུས་ཚད་འདོན་སྤྲོད་བྱས་ཏེ། སྤྲི་དཀར་འཕྲོ་བརླག་ཏུ་མི་འགྲོ་བ་རེད། ལྟོ་སྟོང་དུ་འོ་མ་འཐུང་ན་ཕོ་བར་གནོད་འཚེ་ཐེབས་མི་སྲིད་པར་མ་ཟད་ཕོ་བའི་བདེ་ཐང་ལ་ཕན་པ་ངེས་ཅན་ཞིག་ལྡན་ཏེ། འོ་མའི་ནང་གི་འོ་སྤྲི་ལ་སྐྱེ་དངོས་ཕྲ་རབ་ཀྱི་རེད་པ་འགོག་པའི་བྱེད་ནུས་དང་འབྱར་སྐྱི་གཉན་ཚད་ཚོད་འཛིན་བྱེད་པའི་ནུས་པ་ལྡན། མི་རེ་རེའི་གཟུགས་གཞི་མི་འདྲ་བའི་རྐྱེན་གྱིས། འོ་ཧྭགས་བསྡུ་ལེན་བྱེད་དཀའ་བའི་མིས་ལྟོ་སྟོང་དུ་འོ་མ་འཐུང་ན་འོ་ཧྭགས་མི་བཟོད་པའི་ནད་རྟགས་ཏེ། དཔེར་ན་ཁོག་པ་སྦོས་པ་དང་བཤལ་བ་སོགས་ལུས་ཁམས་མི་བདེ་བའི་སྣང་ཚུལ་འབྱུང་བ་རེད། དེ་བས་མི་དེ་རིགས་ཀྱིས་འོ་མ་འཐུང་སྐབས་ཞོགས་ཟས་དང་ཟས་རིགས་གཞན་པར་བསྡེབས་ནས་འཐུང་དགོས། དེ་ལྟར་བྱས་ན་འོ་ཧྭགས་མི་བཟོད་པའི་ནད་རྟགས་ཇེ་ཡང་དུ་འགྲོ་བ་དང་། འཚོ་བཅུད་སྡུད་ལེན་བྱེད་ཚད་དོ་མཉམ་ཡོང་ཐུབ།

འོ་མས་ངོ་གདོང་བཀྲུས་ན་སྐྱི་པགས་ཇེ་དཀར་དུ་འགྲོ་བར་བཤད་པ།

དོན་དངོས་སུ་བཤད་ན་འོ་མའི་ནང་དུ་ངོ་གདོང་དཀར་པོར་འགྱུར་བའི་དམིགས་བསལ་གྱི་གྲུབ་ཆ་གང་ཡང་མི་འདུས། དེའི་ནང་དུ་སྤྲི་དཀར་གྱི་གྲུབ་ཆ་ཅུང་མང་པོ་འདུས་ཡོད་ནའང་སྐྱི་པགས་ཀྱིས་ཐད་ཀར་སྡུད་ལེན་བྱེད་མི་ཐུབ་པས། འོ་མས་ངོ་གདོང་བཀྲུས་ན་སྤྱི་པགས་ཇེ་དཀར་དུ་འགྲོ་བའི་ནུས་པ་ཐོན་མི་ཐུབ། འོ་མ་གདོང་ལ་བྱུགས་ན་བརླན་ཞིང་འཇམ་པོར་འགྱུར་བ་དང་། ཉི་མས་བསྲེགས་རྗེས་ཀྱི་སྐྱི་པགས་སླར་གསོ་འབྱུང་བར་ཧ་ཅང་ཕན།

འོ་མ་བསྐོལ་ན་འཚོ་བཅུད་ཤོར་བར་མ་ཟད་གནོད་ལྡན་འགྱུར་རྫས་འབྱུང་བར་བཤད་པ།

དྲ་ལམ་དུ“འོ་མ་ཁོལ་རྗེས་སྤྲི་དཀར་རྫས་འཚིག་འགྲོ་བ་དང་། ཧྭགས་རྨང་ཨེམ་སྐྱུར་འབྱུང་བས། ཟས་འཇུ་བ་དང་སྡུད་ལེན་བྱེད་པར་མི་ཕན་པར་མ་ཟད། ལུས་ཕུང་བདེ་ཐང་ལའང་གནོད་འཚེ་ཐེབས”པར་སྒྲོག་བཞིན་ཡོད། དོན་དངོས་སུ“སྤྲི་དཀར་རྫས་འཚིག་པ”ཞེས་པ་དེ་ནི་སྤྲི་དཀར་རྫས་ནང་གི་ཨེམ་རྨང་སྐྱུར་དང་འོ་ཧྭགས་བར་དུ་མེ་ལྭ་ཏི་འགྱུར་འབྱུང(美拉德反应)འབྱུང་བ་དང་། “སིལ་ཧྭགས་རྨང་ཨེམ་སྐྱུར”དེ་མེ་ལྭ་ཏི་འགྱུར་འབྱུང་ལས་བྱུང་བའི་ཐོན་དངོས་ཤིག་རེད། ང་ཚོས་དུས་རྒྱུན་འོ་མ་བསྐོལ་བའི་སྐབས་སུ་འོ་མའི་ཁ་མདོག་འགྱུར་བའམ་ཡང་ན་ཚིག་དྲི་བྲོ་བའི་གནས་ཚུལ་མི་མཐོང་བས། དེས་མེ་ལྭ་ཏི་འགྱུར་འབྱུང་འབྱུང་བའི་ཚད་ཧ་ཅང་ཉུང་བ་མཚོན་ཡོད། དེ་ལས་གཞན། ཡོང་ཁུངས་ཚད་ལྡན་ཅན་གྱི་འོ་མ་བསྐོལ་སྐབས་ངེས་པར་ཁོལ་དུ་འཇུག་དགོས་པའི་ངེས་པ་མེད་མོད། འོན་ཀྱང་འཛད་སྤྱོད་པས་བསྐོལ་ནས་འཐུང་འདོད་ན་འཁོལ་རག་བར་དུ་བསྐོལ་ནའང་འཚོ་བཅུད་ཤོར་བའམ་བདེ་ཐང་ལ་གནོད་པ་ཐེབས་མི་སྲིད།

ཐུམ་བཅུག་འོ་མ་རླབས་ཕྲན་ཐབ་ཀའི་ནང་དུ་བསྲོ་མི་རུང་བར་བཤད་པ།

མི་མང་པོ་ཞིག་ལ་འོ་མ་ཚ་མོ་འཐུང་བའི་གོམས་སྲོལ་ཆགས་ཡོད་ལ། ཡང་མི་ཁ་ཤས་ཤིག་གིས་འོ་མའི་ཕྱི་ཐུམ་དང་བཅས་པ་རླབས་ཕྲན་ཐབ་ཀའི་ནང་བཞག་ནས་ཚ་མོར་བཟོ་བཞིན་ཡོད། དོན་དངོས་སུ། ཐུམ་བཅུག་འོ་མ་ལ་ཉིན་འགའ་དང་ཟླ་གཅིག ཐ་ན་ཟླ་འགའ་ཡི་སྤུས་ཚད་འགན་ལེན་དུས་ཡུན་ཡོད་པའི་རྒྱུ་མཚན་ནི། སིམ་འགོག་རང་བཞིན་ལྡན་པའི་འདུས་སྦྱོར་རྫས་སམ་ཡང་ན་ཧ་ཡང་སྲབ་མོ་འདུས་པའི་རྒྱུ་ཆ་ཡི་ཕྱི་ཐུམ་བརྒྱབ་ཡོད་པས་རེད། རྒྱུ་ཆ་དེ་གཉིས་ནི་བདེ་འཇགས་དང་ཡིད་རྟོན་རུང་བར་བཤད་མོད།འོན་ཀྱང་དེ་ལའང་བཀོལ་སྤྱོད་བྱེད་ཐབས་ཤིག་ཡོད་ངེས། འདུས་སྦྱོར་རྫས་ཀྱི་ཕྱི་ཐུམ་དེ་དྲོད་ཚད115℃ཡན་ལ་སླེབས་རྗེས་དབྱེ་ཕྲལ་དང་འགྱུར་ལྡོག་འབྱུང་ངེས་པས། དེའི་རིགས་ཀྱི་ཕྱི་ཐུམ་བརྒྱབ་ཡོད་པའི་འོ་མ་ནི་རླབས་ཕྲན་ཐབ་ཀའི་ནང་དུ་བཞག་ནས་ཚ་མོར་བཟོ་མི་རུང་ལ། ཧ་ཡང་སྲབ་མོའི་ཕྱི་ཐུམ་བརྒྱབ་པའི་འོ་མ་རླབས་ཕྲན་ཐབ་ཀའི་ནང་དུ་བཞག་ནས་ཚ་མོར་བཟོས་ན་ཕྱི་ཐུམ་མེར་འབར་བའི་ཉེན་ཁ་ཡོད་པས། ཕྱི་ཐུམ་དེའི་རིགས་ཀྱི་འོ་མ་ཡང་རླབས་ཕྲན་ཐབ་ཀའི་ནང་དུ་མ་བསྲོས་ན་བཟང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།