ཀྲུང་གོ་བོད་ཀྱི་དྲ་བ།

མཁལ་མ་གསོ་ཐབས་སྐོར།

ཡོང་ཁུངས། : ཀན་ལྷོའི་གསར་འགྱུར།     སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཁལ་མ་ནི་མི་ལུས་ཀྱི་རྩ་བའི་རྟེན་གཞི་ཡིན་པས། ཚེ་ཐག་རིང་བར་འདོད་ན་མཁལ་མ་གསོ་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན། སྨན་གཞུང་ལྟར་ན། “ལོ་ཚོད་བཞི་བཅུ་བརྒལ་ཙ་ན།། མཁལ་མའི་ནུས་པ་ཕྱེད་ཀ་ཉམས།།”ཞེས་བརྗོད་པ་ལས་ལོ་བཞི་བཅུའི་ཡན་གྱི་མིས་ལྷག་ཏུ་མཁལ་མ་གསོ་བའི་ཕྱོགས་ཀྱི་རྒྱུན་ཤེས་ལ་རྒྱུས་ལོན་བྱ་དགོས་པ་ཤེས་ཐུབ། མཁལ་མ་གསོ་བའི་མན་ངག་ཕྱོགས་སྡོམ་བྱས་ན། གཤམ་གྱི་བྱ་ཐབས་འདི་དག་ཏུ་བསྡུས་ཆོག མཁལ་མའི་རྩ་ནི་རྐང་མཐིལ་ནས་བྱུང་ལ། རྐང་བ་ཧ་ཅང་འཁྱག་སླ་བས་རྐང་བའི་དྲོད་སྲུང་ལ་དོ་སྣང་ཆེན་པོ་བྱ་དགོས། རྐང་འབོབ་ཀྱིས་རྐང་ཚིགས་བཏུམས་ན་བཟང་། བརླན་སར་ཡུན་རིང་པོར་རྐང་རྗེན་དུ་འགྲོ་མི་རུང་། ཉལ་དུས་རྐང་པ་ཕྱི་ལ་མི་བསྲིང་བ་དང་། ཉལ་ཐུལ་གྱིས་ངེས་པར་དུ་རྐང་མཐིལ་བཏུམ་པ་དང་ཕྲག་པའང་ཁེབས་པར་བྱ་དགོས། རྐང་བ་གཉིས་དྲོད་སྙོམ་འཕྲུལ་ཆས་དང་གློག་གི་རླུང་གཡབ་ལ་གཏད་ནས་མི་འདུག་པ་དང་། རྐང་མཐིལ་དུ་གསང་མིག་མང་བོ་ཡོད་པས་ཉལ་ཁར་རྐང་མཐིལ་འཕུར་གནོན་བྱས་ཚེ་མཁལ་མ་གསོ་བར་ཕན།

མཁལ་མ་གསོ་ཐབས་ལ། གཅིག རྩ་སྐམ་དུ་མི་འཇུག་པ། གཉིས། ཆུ་མང་དུ་འཐུང་བ། གསུམ། གཉིད་ཁུག་པར་བྱེད་པ། བཞི། གཅིན་བསྲན་མི་རུང་། ལྔ། སྐེད་པར་འཕུར་མཉེད་བྱེད་པ།    དྲུག སྨན་བསྟེན་པར་གཟབ་པ་སོགས་ཡོད།
    1. རྩ་སྐམ་པ་དང་འགག་པ། བཙོག་རླུང་ཕྱིར་གཏོང་མ་ཐུབ་པ་བཅས་ཀྱིས། མིའི་སེམས་ཁམས་འཁྲུགས་སུ་འཇུག་པར་མ་ཟད། མཁལ་མར་གནོད་པ་བཟོས་ཏེ་སྐེད་པ་ན་བ་དང་སྐྱུགས་མེར་ལངས་པའི་སྣང་ཚུལ་འབྱུང་སྲིད། དེའི་ཕྱིར་རྩ་འབབ་ཏུ་འཇུག་རྒྱུ་དེའང་མཁལ་མ་གསོ་བའི་ཐབས་ཤིག་ཡིན། རང་ལུས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་བཟའ་བཏུང་གི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་དུས་རྒྱུན་ལུས་ཕུང་སྦྱོང་བརྡར་བྱ་དགོས། རྩ་སྐམ་ནས་བཤང་བ་འགག་ཚེ། ལག་པ་གཉིས་ཀྱིས་སྐེད་པར་ཤུགས་ཀྱིས་འཕུར་མཉེད་བྱས་ན་རྩ་འབབ་པར་ཕན།
    2. ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ། དུས་བཅད་ལྟར་ཆུ་འཐུང་རྒྱུ་ནི་མཁལ་མ་གསོ་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན། ཆུ་འཐུང་བ་ཉུང་དྲགས་ན་ཁོག་གི་མི་གཙང་བ་དུས་ལྟར་ཕྱིར་ཕུད་མ་ནུས་པར་མཁལ་མའི་ཁུར་བོ་ཇེ་ལྕིར་འགྲོ་སྲིད། དེ་བས་ཆུ་མང་ཙམ་འཐུང་བའི་གོམས་གཤིས་ཆགས་དགོས། ཉིན་རེར་ཉུང་མཐར་ཡང་ཆུ་ཕོར་བ་བརྒྱད་ཙམ་འཐུང་དགོས། (སིལ་ཁུའི་རིགས་ཀྱིས་ཚབ་བྱས་མི་ཆོག) དེ་ལྟར་བྱས་ཚེ་མཁལ་མའི་རྡེའུ་སྐྲན་སོགས་སྔོན་འགོག་བྱ་ཐུབ།
    3. གཉིད་ཀྱིས་འདང་ན་ཁྲག་རླུང་དང་མཁལ་མ་གསོ་བར་ཕན་ནུས་གལ་ཆེན་ལྡན་པར་མ་ཟད། ལུས་ཟུངས་གསོ་བ་དང་། མཚེར་བ་གསོ་བ། ཕོ་བ་གསོ་བ། རུས་པ་སྲ་བརྟེན། བཞིན་མདངས་གསོ་བ་སོགས་ཀྱི་དགེ་མཚན་ལྡན། མཁལ་མའི་ནུས་པ་ཉམས་པའི་ནད་པ་མང་པོ་ཞིག་ལ་ཡུན་རིང་དུ་གཉིད་ཆག་པ་དང་། ངལ་དུབ་དྲགས་པ་སོགས་ཀྱི་གོམས་གཤིས་ཡོད་པས་རེད། ། དེ་བས་ངལ་གསོའི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་པ་དང་། དགོང་སྔ་ཉལ་དང་ནང་སྔ་ལངས་བྱེད་པར་གོམས་ཚེ། མཁལ་མ་གསོ་བར་ཕན།
    4. ལྒང་བའི་ནང་གི་གཅིན་པ་ཚད་ངེས་ཅན་ཞིག་ལ་སླེབས་ཚེ་དབང་རྩ་བརྒྱུད་ནས་ཕྱིར་གཏོང་དགོས་པ་རེད། སྐབས་དེར་ངེས་པར་དུ་མྱུར་མོར་གསང་སྤྱོད་ཁང་དུ་འགྲོ་དགོས།  གཅིན་བསྲན་ནས་ཡུན་རིང་འགོར་ན་ལྒང་བའི་གནོན་ཤུགས་ཇེ་ལྕིར་སོང་ནས་ལྒང་བའི་བྱེད་ལས་ལ་གནོད་པ་བཟོ་བ་དང་། ཡང་ན་གཅིན་འདྲེན་སྦུ་གུའི་ལྒང་བུར་ཤུགས་རྐྱེན་ཐེབས་ཏེ། མཁལ་མའི་གཉན་ཚད་སློང་སླ་བར་མ་ཟད་མཁལ་མའི་ནུས་པ་ལའང་གནོད་སྐྱོན་བཟོ་སྲིད།
    5. སྐེད་པར་གསང་མིག་མང་བོ་ཡོད་པས། དུས་རྒྱུན་དུ་སྐེད་པར་འཕུར་མཉེད་བྱ་དགོས། སྐེད་པ་དང་འཕོངས་ཚོས་ལ་ཉིན་རེའི་ནངས་དགོང་གཉིས་སུ་འགུལ་སྐྱོད་ཐེངས་རེ་བྱས་ན་མཁལ་མ་དང་སྐེད་པར་དྲོད་སྟེར་ཐུབ། དུས་རྒྱུན་འཆམ་འཆམ་བྱེད་སྐབས། ལག་པ་གཉིས་ཀྱིས་མཁལ་མ་འཕུར་མཉེད་བྱས་ན། སྐེད་པ་ན་བའི་ནད་རྟགས་ཞི་འཇགས་སུ་གཏོང་ཐུབ།
    6. སྨན་ཞིག་ཡིན་ཚེ་དེའི་ནང་དུ་ལུས་ཕུང་ལ་མི་ཕན་པའི་ཆ་ཡང་ཡོད། མཁལ་མར་གནོད་པའི་སྨན་རྫས་མང་བོ་ཡོད་པས་མཉམ་འཇོག་བྱ་དགོས། ཀྲུང་ལུགས་རྩྭ་སྨན་ཁྲོད་དུའང་མཁལ་མ་ལ་གནོད་སྐྱོན་བཟོ་བའི་རྩྭ་སྨན་རིགས་ཡོད། དེའི་ཕྱིར་སྨན་ལ་བསྟེན་སྐབས་དོགས་ཟོན་གང་ལེགས་བྱ་དགོས། མཁལ་དུག་གི་རང་བཞིན་མི་མངོན་པའི་སྨན་རྫས་སྤྱོད་སྐབས། ངེས་པར་དུ་སྨན་སྤྱོད་གསལ་བཤད་ཡི་གེ་དང་། བསྟེན་ཚད། བཅོས་ཡུན་སོགས་ལ་དོ་སྣང་ཆེན་པོ་བྱ་དགོས། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།