མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(ཉེར་དགུ། སུམ་ཅུ།)

ཉེར་དགུ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཁྲོད་བྱུང་བའི་ཁྲིམས་འགལ་བྱ་སྤྱོད་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།
    《སྲོལ་ཡིག》ནང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཀྱི་བརྗོད་བྱ་རིགས་གསུམ་གྱི་ཁྲིམས་འགལ་བྱ་སྤྱོད་དང་དེའི་བཅའ་ཁྲིམས་ཀྱི་འགན་འཁྲིའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་སྟེ། གཅིག་ནི་ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱི་འགན་འཁུར་བས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རང་དགར་བཟོ་བཅོས་རྒྱག་པ་དང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་རྫུན་མ་བཟོ་བ། འབྲེལ་ཡོད་སྡེ་ཁག་དང་མི་སྒེར་ལ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་བཟོ་དང་བཟོ་བཅོས་རྒྱག་པའི་རེ་བ་འདོན་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་ཉར་ཚགས་དང་མེད་པར་མ་བཟོས་པ་དང་། ཁྲིམས་འགལ་གྱིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་ཡོངས་བསྒྲགས་བྱེད་པ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའམ་ཡང་ན་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲིམས་འགལ་བྱ་སྤྱོད་དང་ལེན་མི་བྱེད་པ་དང་བཀག་འགོག་བྱེད་པའི་ཡོངས་ཁྱབ་ཞིབ་བཤེར་མི་སྣར་རྡུང་རྡེག་འཁོན་སློག་བྱེད་པ། དེ་བཞིན་ས་གནས་དེ་ག་དང་སྡེ་ཁག་དེ་ག ལས་ཁུངས་དེ་ག་བཅས་སུ་བྱུང་བའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ལྟ་ཞིབ་མ་བྱས་པ་སོགས་ཀྱི་རིགས། གོ་གནས་བསྐོ་འཐེན་ལས་ཁུངས་སམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་མ་ཟད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་བརྡ་ཁྱབ་ཀྱང་གཏོང་བ་དང་། ནག་ཉེས་སུ་གཏོགས་པའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས། གཉིས་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་ཇུས་གཞི་ལག་བསྟར་མི་བྱེད་པ་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་བཟོ་དང་བཟོ་བཅོས་རྒྱག་པ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་དོན་དངོས་མིན་པའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་འདོན་པ། ཡོངས་ཁྱབ་ཞིབ་བཤེར་འཆར་གཞིའི་གཏན་འབེབས་ལྟར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་མི་སྤྲོད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞིའི་ཡིག་རིགས་ལ་གནོད་སྐྱོན་གཏོང་བ་དང་མེད་བརླག་ཏུ་གཏོང་བ། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་མི་སྒེར་གྱི་ཐོབ་ཐང་ངོས་འཛིན་ཐུབ་པའམ་ཚོད་དཔག་ཐུབ་པའི་དཔྱད་ཡིག་ཕྱིར་གྱར་བའམ་ཡང་ན་མི་གཞན་ལ་མཁོ་འདོན་བྱེད་པ་སོགས་ཀྱི་རིགས། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་པའི་འགན་དཀྲི་བ་དང་། བརྡ་ཁྱབ་གཏོང་དགོས། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་ཁག་འགན་འཁུར་དགོས་པའི་མི་གཞན་དག་ལ་གོ་གནས་བསྐོ་འཐེན་ལས་ཁུངས་སམ་ཡང་ན་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས། གོང་གསལ་ཁྲིམས་འགལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་པའི་ཡོངས་ཁྱབ་ཞིབ་བཤེར་མི་སྣར། དེར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་མཚམས་འཇོག་ཏུ་འཇུག་པ་དང་། བརྡ་ཁྱབ་གཏོང་བ། བཅའ་ཁྲིམས་ལྟར་ཆད་པ་གཅོད་དགོས། གསུམ་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་མཁོ་བའི་དཔྱད་ཡིག་མཁོ་འདོན་མི་བྱེད་པའམ། ཡང་ན་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དཔྱད་ཡིག་རྫུན་མ་འདོན་སྤྲོད་བྱེད་པའི་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བསྡོམས་རྩིས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་པའི་འགན་དཀྲི་བ་དང་། སྐྱོན་བརྗོད་དང་སློབ་གསོ་གཏོང་བ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཁྲིམས་བཞིན་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བར་འགོག་རྐྱེན་བཟོས་ཏེ། བདེ་སྲུང་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གཏོགས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས། །

སུམ་ཅུ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྤྱི་དམངས་ཀྱིས་ཐེར་འདོན་དང་ལྟ་སྐུལ་ཇི་ལྟར་བྱེད་དགོས་སམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། 《སྲོལ་ཡིག》ནང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་དང་ལྟ་སྐུལ་བྱེད་པར་གཏན་འབེབས་བྱས་ཡོད་དེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་བསྡོམས་རྩིས་ལས་ཁུངས་ཀྱིས་ཐེར་འདོན་ཁ་པར་དང་ཡིག་སྒམ་བཞག་ནས་སྤྱི་ཚོགས་ལས་རིགས་ཁག་གི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་དང་ལྟ་སྐུལ་དང་ལེན་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།