ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(ཉེར་བརྒྱད།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཉེར་བརྒྱད། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གཞི་གྲངས་ཀྱི་སྤུས་ཚད་ཇི་ལྟར་འགན་ལེན་བྱེད་དགོས་སམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་བདེན་པ་དང་ཡིད་རྟོན་རུང་བ། གནད་དུ་འཁེལ་བ། ཆ་ཚང་བ་བཅས་ཡོང་བར་འགན་ལེན་བྱེད་པ་ནི། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ལྟེ་བའི་བླང་བྱ་ཡིན་ལ་ཡོངས་ཁྱབ་ཞིབ་བཤེར་ལེགས་གྲུབ་བྱུང་མིན་བསྡུར་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཀྱང་ཡིན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་སྤུས་ཚད་འགན་སྲུང་བྱེད་ཆེད། 《སྲོལ་ཡིག》གི་ནང་དུ་གཅིག་ནས་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞི་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཁྲིམས་ལྟར་སྒེར་ཚུགས་ངང་བརྟག་དཔྱད་དང་སྙན་ཞུ། ལྟ་སྐུལ་བཅས་ཀྱི་འགན་དབང་སྤྱོད་རྒྱུ་ཁ་གསལ་བཟོས་ཏེ། ལས་ཁུངས་དང་མི་སྒེར་གང་རུང་གིས་ཐེ་གཏོགས་བྱས་མི་ཆོག ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་དང་སྡེ་ཁག་སོ་སོ། སྡེ་ཚན་ཁག་དང་དེའི་འགན་འཁུར་པ། ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཁྲིམས་ལྟར་འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་ལ་རང་དགར་བཟོ་བཅོས་རྒྱབ་མི་ཆོག་ལ། བྱེད་ཐབས་གང་རུང་སྤྱད་ནས་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣ། དེ་བཞིན་ལས་ཁུངས་གཞན་དག་དང་མི་སྒེར་བཅས་ལ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་བཟོ་དང་བཟོ་བཅོས་རྒྱག་པའི་བླང་བྱ་འདོན་མི་ཆོག ཁྲིམས་ལྟར་འགན་འཁྲི་སྒྲུབ་པའམ་ཡང་ན་དང་ལེན་མི་བྱེད་པ། ཡོངས་ཁྱབ་ཞིབ་བཤེར་ལ་བཀག་འགོག་བྱེད་པ་བཅས་ཀྱི་ཁྲིམ་འགལ་བྱ་སྤྱོད་ཀྱིས་ཡོངས་ཁྱབ་ཞིབ་བཤེར་མི་སྣར་རྡུང་རྡེག་དང་འཁོན་སློག་བྱས་མི་ཆོག གཉིས་ནི་མི་འབོར་ཡོངས་བཤེར་བྱ་ཡུལ་གྱིས་ངེས་པར་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་ཐོག་མིང་རྟགས་འགོད་པའམ་ཡང་ན་ཐམ་ཀ་རྒྱབ་ནས། དེའི་ནང་དོན་བདེན་པ་ཡིན་མིན་ལ་འགན་འཁུར་དགོས། གསུམ་ནི་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཡོངས་ཁྱབ་ཞིབ་བཤེར་དཔྱད་ཡིག་རྫུན་བཟོ་དང་གཡོ་བཅོས་བྱས་མི་ཆོག་པ་དང་། བྱེད་ཐབས་གང་རུང་ལ་བརྟེན་ནས་ལས་ཁུངས་དང་མི་སྒེར་གང་རུང་ལ་ཡོངས་ཁྱབ་ཞིབ་བཤེར་དཔྱད་ཡིག་རྫུན་མ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་མི་ཆོག བཞི་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་སྤུས་ཚད་ཚོད་འཛིན་ལས་གནས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པར་གཏན་འབེབས་བྱས་ཡོད། ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་ཀྱིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལག་བསྟར་བྱེད་པའི་ནང་ལྷུ་ཚིགས་ཚང་མར་སྤུས་ཚད་ཚོད་འཛིན་དང་ཞིབ་བཤེར་བྱེད་པ་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ལ་ཞིབ་བཤེར་དང་བསྐྱར་བཤེར། ཞིབ་བཤེར་རྩིས་ལེན་བཅས་བྱེད་དགོས། ལྔ་ནས་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་རྗེས་ཀྱི་གཅིག་གྱུར་གྱིས་སྤུས་ཚད་འཐེན་བཤེར་རྩ་འཛུགས་བྱེད་དགོས། དྲུག་ནི་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་རྫུན་སྒྲིག་སོགས་ཀྱི་བྱེད་སྤྱོད་ཐག་གཅོད་བྱེད་པའི་གཏན་འབེབས་ཁ་གསལ་བཟོས་ཡོད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།