ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(ཉེར་བཞི། ཉེར་ལྔ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཉེར་བཞི། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣས་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཁྲིམས་ལྟར་འགན་དབང་ཅི་ཞིག་སྤྱོད་དགོས་སམ།

ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞི་དང་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིའི་ལས་དོན་མི་སྣ། ཡོངས་ཁྱབ་ཞིབ་བཤེར་མཛུབ་ཁྲིད་མཁན། ཡོངས་ཁྱབ་ཞིབ་བཤེར་མི་སྣ(གཤམ་དུ་གཅིག་གྱུར་གྱིས་ཡོངས་ཁྱབ་ཞིབ་བཤེར་མི་སྣ་ཞེས་བསྡུ་རྒྱུ)བཅས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་ཁྲིམས་ལྟར་སྒེར་ཚུགས་ངང་བརྟག་དཔྱད་དང་། སྙན་ཞུ། ལྟ་སྐུལ་བཅས་ཀྱི་འགན་དབང་སྤྱོད་དགོས་ཤིང་། ལས་ཁུངས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ཐེ་གཏོགས་བྱས་མི་ཆོག

འདིར་བཤད་པའི་བརྟག་དཔྱད་བྱེད་དབང་ནི་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་བརྟག་དཔྱད་དང་འཚོལ་བསྡུ་བྱེད་དབང་ཡོད་པ་དང་། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དང་འབྲེལ་བ་ཡོད་པའི་དཔང་ཡིག་སྣ་ཚོགས་ལ་ལྟ་ཞིབ་བྱེད་དབང་ཡོད་པར་གོ། སྙན་སེང་ཞུ་དབང་ནི་ཡོངས་བཤེར་སྒྲིག་གཞི་དང་ཡོངས་བཤེར་མི་སྣར་མི་འབོར་ཡོངས་བཤེར་དཔྱད་ཡིག་དང་གནས་ཚུལ་དབྱེ་ཞིབ་ཞིབ་འཇུག་དཔྱད་ཡིག་གོང་རིམ་མགོ་ཁྲིད་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དབང་ཡོད་པར་གོ་ལ། ལྟ་སྐུལ་བྱེད་དབང་ནི་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞི་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣར་ཞིབ་བཤེར་བྱེད་མཁན་འདེམས་པར་ལྟ་སྐུལ་ཞིབ་བཤེར་དབང་ཡོད་པར་གོ། ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་དང་། གཞི་གྲངས་འཚོལ་བསྡུ། ལེགས་སྒྲིག གོང་འབུལ་སོགས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་ལྷུ་ཚིགས་ཚང་མར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ཞིབ་བཤེར་གཏན་འབེབས་དང་། བསྐྱར་ཞིབ། ཞིབ་བཤེར་རྩིས་ལེན་བཅས་བྱེད་པ་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་བདེན་པ་དང་ཡང་དག་པ། ཆ་ཚང་བ། དུས་ཐོག་ཏུ་འཁེལ་བ་བཅས་ཡོང་བར་འགན་སྲུང་བྱེད་དགོས། ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞི་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣས་གོང་གསལ་དབང་ཆ་ཁག་གསུམ་པོ་སྒེར་ཚུགས་ཀྱིས་སྤྱོད་པར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པས་ལས་ཁུངས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ཐེ་གཏོགས་བྱས་མི་ཆོག །

ཉེར་ལྔ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་རྩ་འཛུགས་ཀྱིས་ལག་བསྟར་བྱེད་པའི་རྩ་དོན་ཅི་ཡིན་ནམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དེ“རྒྱལ་ཡོངས་ཀྱི་གཅིག་གྱུར་མགོ་ཁྲིད་དང་སྡེ་ཁག་གི་ལས་བགོས་མཉམ་སྒྲུབ། ས་གནས་རིམ་དབྱེ་འགན་འཁུར། ཕྱོགས་སོ་སོ་མཉམ་ཞུགས”བཅས་ཀྱི་རྩ་དོན་གཞིར་བཟུང་ལག་བསྟར་བྱེད་པར་རྩ་འཛུགས་བྱེད་དགོས། རྩ་དོན་འདི་རང་རྒྱལ་གྱི་གནས་ཚུལ་དངོས་གཞིར་བཟུང་། དེ་སྔའི་རང་རྒྱལ་གྱི་ཡོངས་ཁྱབ་ཞིབ་བཤེར་རིམ་བྱུང་གི་རྩ་འཛུགས་ལས་དོན་གྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་སྟེང་གཏན་འཁེལ་བྱས་པ་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་རྩ་འཛུགས་ལག་བསྟར་བྱེད་སྐབས་ངེས་པར་བརྩི་སྲུང་བྱེད་དགོས་པའི་གཞི་རྩའི་རྩ་དོན་ཞིག་ཡིན།

“རྒྱལ་ཡོངས་གཅིག་གྱུར་མགོ་ཁྲིད” ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་གཅིག་གྱུར་གྱིས་མགོ་ཁྲིད་བྱས་ནས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་ཐག་གཅོད་བྱེད་པ་ལ་ཟེར། ས་གནས་རིམ་ཁག་གི་མི་དམངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་གཏན་འབེབས་དང་བླང་བྱ་གཞིར་བཟུང་སྲིད་འཛིན་ས་ཁོངས་དེ་གའི་མི་འབོར་ཡོངས་བཤེར་ལས་དོན་ལ་མགོ་ཁྲིད་བྱེད་དགོས།

“སྡེ་ཁག་ལས་བགོས་མཉམ་སྒྲུབ”ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་བའི་རིང་། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་སྡོམ་རྩིས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་ལས་གྲུབ་པའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས(གཤམ་དུ་བསྡུས་མིང་ལ་ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་ཞེས་འབོད་རྒྱུ)བཙུགས་པ་དང་། སྡེ་ཁག་སོ་སོས་གཏན་ཁེལ་བྱས་པའི་འགན་འཁྲིའི་ལས་བགོས་དང་སྒྲུབ་སྟངས་ལྟར། འགན་འཁྲི་ལག་བསྟར་བྱས་ནས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

“ས་གནས་རིམ་དབྱེ་འགན་ཁུར”ནི་ས་གནས་ཀྱི་རིམ་པ་ཁག་གི་སྲིད་གཞུང་གིས་རྒྱལ་ཡོངས་གཅིག་གྱུར་གྱི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་ལྟར། ས་ཁུལ་དེ་གའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་རྩ་འཛུགས་དང་ལག་བསྟར་བྱེད་པའི་ལས་ཀ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་གི་མི་དམངས་སྲིད་གཞུང་ལ་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་དང་སྒྲིག་འཛུགས་བྱེད་རོགས་བྱེད་པ་དང་། ས་ཁོངས་དེ་གའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་དགོས།

 “ཕྱོགས་སོ་སོ་མཉམ་དུ་ཞུགས་པ”ནི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱིས་ངེས་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས》དང་《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ནང་ཧུར་ཐག་གིས་ཞུགས་ནས་གཞོགས་འདེགས་བྱེད་དགོས། །

   

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།