ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(ཉེར་གཉིས། ཉེར་གསུམ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེར་གཉིས། ཡོངས་ཁྱབ་ཞིབ་བཤེར་མི་སྣར་ཁེ་དབང་དང་འོས་འགན་གང་དག་ཡོད་དམ།

ཡོངས་ཁྱབ་ཞིབ་བཤེར་པས་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དོན་ཚན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་འདྲི་རྩད་བྱེད་དབང་ཡོད་པ་དང་། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་འབྲེལ་ཡོད་གནས་ཚུལ་དང་ཆ་འཕྲིན་ཇི་མ་ཇི་བཞིན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་འདོན་དབང་ཡོད། ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་བྱེད་དགོས་ལ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བ་དང་། དང་ལེན་མི་བྱེད་པ་དང་བཀག་འགོག་བྱེད་པ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་བཟོ་དང་བཟོ་བཅོས་བརྒྱབ་མི་ཆོག བྱ་ཐབས་གང་རུང་ལ་བརྟེན་ནས་ཚོགས་པ་དང་མི་སྒེར་གང་རུང་ལ་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་རྫུན་མ་མཁོ་འདོན་བྱེད་པའི་བླང་བྱ་འདོན་མི་ཆོག ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་བྱ་བ་སྒྲུབ་སྐབས། རང་འགུལ་ངང་ཡོངས་ཁྱབ་ཞིབ་བཤེར་དཔང་ཡིག་སྟོན་དགོས་པ་མ་ཟད། མི་འབོར་ཡོངས་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གང་དེའི་དཔྱད་ཡིག་གམ་ཡང་ན་ཁྱིམ་ཚང་གི་གནས་ཚུལ་བཅས་བཅའ་ཁྲིམས་ལྟར་གསང་བའི་འོས་འགན་ཡོད། །

ཉེར་གསུམ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་ཁེ་དབང་དང་འོས་འགན་གང་དག་ཡོད་དམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་ལེགས་བྱ་ཆེད། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་རྒྱུས་ལོན་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱས་ནས། 《སྲོལ་ཡིག》ནང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐད་གཏན་འབེབས་ནན་མོ་བྱས་ཡོད་དེ། གཅིག་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་དཔྱད་ཡིག་ཁྲིམས་ལྟར་གསང་བ་དང་སྲུང་བ། གཉིས་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཐོབ་པའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་རྐྱང་པའི་ཐོབ་ཐང་དབྱེ་འབྱེད་ཐུབ་པའམ་ཡང་ན་ཚོད་དཔག་ཐུབ་པའི་དཔྱད་ཡིག་སོགས་ལས་ཁུངས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ཕྱི་ཕྱོགས་ལ་འདོན་སྤྲོད་དང་ཕྱིར་སྒྲོག་བྱེད་མི་ཆོག་ལ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་ཞིབ་ཕྲའི་སྲིད་འཛིན་བྱ་སྤྱོད་སྤེལ་བའི་གཞི་འཛིན་ས་བྱེད་མི་ཆོག་པ་དང་ཡོངས་ཁྱབ་ཞིབ་བཤེར་མ་ཡིན་པའི་དོན་དག་གཞན་གྱི་ཆེད་དུ་སྤྱད་མི་ཆོག གསུམ་ནི་མི་འབོར་ཡོངས་བཤེར་ཁྲོད་ཐོབ་པའི་ཐོག་མའི་ཡོངས་བཤེར་དཔྱད་ཡིག་རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཉར་ཚགས་དང་མེད་པར་བཟོ་བ། བཞི་ནི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གང་དེའི་ཐོབ་ཐང་ངོས་འཛིན་ཐུབ་པའམ་ཡང་ན་ཚོད་དཔག་ཐུབ་པའི་དཔྱད་ཡིག་ཕྱིར་ཤོར་བའམ་ཡང་ན་མི་གཞན་ལ་མཁོ་འདོན་བྱེད་པའི་བྱ་སྤྱོད་ཡོད་ཚེ། ཁྲིམས་ལུགས་ལྟར་ཁྲིམས་ཀྱི་འགན་འཁུར་དགོས།

 དུས་མཚུངས་སུ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་ལག་བསྟར་བྱེད་དགོས་པའི་ཡོངས་ཁྱབ་ཞིབ་བཤེར་གྱི་འོས་འགན་གྱི《སྲོལ་ཡིག》ནང་གཏན་འབེབས་བྱས་དོན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས》དང་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་ནས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལ་མཁོ་བའི་དཔྱད་ཡིག་བདེན་པ་དང་། ཡང་དག་པ། ཆ་ཚང་བ་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས། མི་འབོར་ཡོངས་བཤེར་བྱ་ཡུལ་གྱིས་ངེས་པར་དུ་འབྲེལ་ཡོད་གནད་དོན་ལ་ལན་དྲང་པོ་འདེབས་དགོས་པ་ལས་འབྲེལ་ཡོད་གནས་ཚུལ་སྦ་གསང་བྱེད་མི་ཆོག་པ་མ་ཟད། ཆ་འཕྲིན་རྫུན་མ་མཁོ་འདོན་བྱེད་མི་ཆོག་པ་དང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དང་ལེན་མི་བྱེད་པའམ་ཡང་ན་བཀག་འགོག་བཟོ་བའི་རིགས་བྱེད་མི་ཆོག །


   

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།