ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(བདུན། བརྒྱད།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བདུན། 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག་》བཟོ་དོན་ཅི་ཡིན་ནམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་བརྟག་དཔྱད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཞི་བདེའི་དུས་སྐབས་ཀྱི་སྤྱི་ཚོགས་སྐུལ་སློང་ཆེ་ཤོས་ཤིག་ཡིན་ལ། མི་རེ་རེ་དང་ཁྱིམ་ཚང་རེ་རེ་དེ་བཞིན་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་སྤྱི་དམངས་ཀྱིས་ངེས་ཤེས་དང་རྒྱབ་སྐྱོར། གཞོགས་འདེགས་བཅས་བྱེད་དགོས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དེའང་གཞི་རྒྱ་ཆེ་བའི་སྤྱི་ཚོགས་མ་ལག་གི་ལས་གཞི་ཞིག་ཡིན་པས་སྟོབས་དང་ལྡན་པའི་འགོ་ཁྲིད་དང་གཟབ་ནན་གྱི་རྩ་འཛུགས་ཡོད་དགོས། ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་འཛུགས་པར་ཡོངས་ཁྱབ་ཞིབ་བཤེར་མི་སྣ་གཡར་སྤྱོད་དང་གདན་ཞུ། གསོ་སྦྱོང་བཅས་ཀྱི་གྲོན་དངུལ་བཀོད་སྒྲིག་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་དྲིལ་བསྒྲགས་དང་སྐུལ་སློང་བྱེད་སྟངས། ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་འཚོལ་བསྡུ་དང་ཕྱོགས་བསྡུས། ཐག་གཅོད། ཁྱབ་བསྒྲགས་སོགས་ཚང་མར་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཧུར་ཐག་གིས་ཞུགས་ནས་རྒྱབ་སྐྱོར་བྱེད་དགོས། དུས་མཚུངས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག ལྷག་པར་ཁྲིམས་ལྟར་སྲིད་འཛིན་གྱི་འདུ་ཤེས་རིམ་བཞིན་མི་སེམས་སུ་འཇགས་པ་དང་། མི་སྒེར་གྱི་གསང་དོན་ཚུད་པའི་སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པས། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱེད་ཆེད། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་སྒོ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཡིད་ཆེས་དང་རྒྱབ་སྐྱོར། མཉམ་ལས་བཅས་ཐོབ་པར་བྱས་ནས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་སྤུས་ཚད་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག་》གཏན་འབེབས་དང་ཁྱབ་བསྒྲགས་བྱས་ནས། ཡོངས་ཁྱབ་ཞིབ་བཤེར་གྱི་དམིགས་ཡུལ་དང་ཡོངས་ཁྱབ་ཞིབ་བཤེར་གྱི་རྩ་དོན། ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ། ཡོངས་ཁྱབ་ཞིབ་བཤེར་གྱི་ཁྱབ་ཁོངས། ཡོངས་ཁྱབ་ཞིབ་བཤེར་གྱི་སྒྲིག་འཛུགས་ལག་བསྟར་བྱེད་པ་སོགས་ལ་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་གཏན་འབེབས་བཟོ་བ་ནི་ཧ་ཅང་དགོས་ངེས་ཆེ་བ་ཞིག་ཡིན། །

བརྒྱད། 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་སྲོལ་ཡིག》ལ་ནང་ནང་དོན་གཙོ་བོ་གང་དག་ཡོད་དམ།

《རྒྱལ་ཡོངས་མི་འབོར་ཡོངས་བཤེར་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ) ཁྱོན་ལེའུ་དྲུག་དང་དོན་ཚན་ཞེ་གཅིག་ཡོད། ལེའུ་དང་པོར་སྤྱིའི་གླེང་གཞི་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་སྤྱིའི་རྩ་དོན་དང་གཞི་རྩའི་ལམ་ལུགས་ལ་གཏན་འབེབས་བྱས་ཡོད། ལེའུ་གཉིས་པར་མི་འབོར་ཡོངས་བཤེར་བྱ་ཡུལ་དང་ནང་དོན། བྱེད་ཐབས་བཅས་ཀྱི་སྐོར་གྱི་མི་འབོར་ཡོངས་བཤེར་བྱ་ཡུལ་དང་། ཡོངས་ཁྱབ་ཞིབ་བཤེར་ནང་དོན། ཐོ་འགོད་བྱ་ཐབས། རིགས་དབྱེའི་ཚད་གཞི་སོགས་གཏན་འབེབས་བྱས་ཡོད། ལེའུ་གསུམ་པ་ནི་མི་འབོར་ཡོངས་བཤེར་གྱི་སྒྲིག་འཛུགས་དང་ལག་བསྟར་སྐོར་ཡིན་ཞིང་། དེའི་ནང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་ཀའི་ལྷུ་ཚིགས་ཁག་དང་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཁེ་དབང་དང་འོས་འགན་སོགས་གཏན་འབེབས་བྱས་ཡོད། ལེའུ་བཞི་པར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་དོ་དམ་དང་ཁྱབ་བསྒྲགས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་ཐག་གཅོད། ཁྱབ་བསྒྲགས། དོ་དམ། གསར་སྤེལ་བེད་སྤྱོད་སོགས་གཏན་འབེབས་བྱས་ཡོད། ལེའུ་ལྔ་པ་ནི་ཁྲིམས་ལུགས་འགན་འཁྲིའི་སྐོར་ཡིན་ཞིང་། དེའི་ནང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ཁྲོད་ཀྱི་བརྗོད་དོན་ཁག་གི་ཁྲིམས་འགལ་བྱ་སྤྱོད་དང་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་བྱས་ཡོད། ལེའུ་དྲུག་པ་ནི་ཞར་བྱུང་དོན་ཚན་ཡིན། དེའི་ནང་དམིགས་བསལ་གྱི་མི་ཚོགས་དང་དམིགས་བསལ་ས་ཁོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དང་། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་མི་འབོར་གཞི་གྲངས་ཡོང་ཁུངས་སོགས་གཏན་འབེབས་བྱས་ཡོད། །


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།