ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(ལྔ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྔ། རང་རྒྱལ་གྱིས་ཁྱོན་བསྡོམས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་འགའ་བྱས་པ་ཚང་མར་ཁྱད་ཆོས་ཅི་ཞིག་ཡོད་དམ།

ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རང་རྒྱལ་གྱིས1953ལོ་དང1964ལོ། 1982ལོ། 1990ལོ། 2000ལོ། 2010ལོ་བཅས་སུ་བདེ་བླག་ངང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་བྱས་མྱོང་། 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》དེ་བཞིན་རྒྱལ་ཁབ་ཀྱི་ཡོངས་ཁྱབ་ཞིབ་བཤེར་རྣམ་གྲངས་དང་དུས་འཁོར་བཀོད་སྒྲིག་བྱས་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལོ་བཅུ་རེར་ཐེངས་རེ་བྱེད་དགོས། མཇུག་གྲངས“0”འཕྲད་པའི་ལོ་ནི་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ལོ་འཁོར་ཡིན་པ་དང་2020ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་བྱེད་པའི་ལོ་རེད།

1953ལོར། རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོ་དང་རྒྱལ་དམངས་དཔལ་འབྱོར་གྱི་ལོ་ལྔའི་འཆར་གཞི་དང་པོ་གཏན་འབེབས་བྱེད་པར་གཞོགས་འདེགས་བྱེད་ཆེད། རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོ་སྒྲིག་འཛུགས་བྱས་ནས། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ལ་དུད་ཚང་རེ་རེའི་གནས་ཡུལ་དང་རུས་མིང་། ཕོ་མོ། ལོ་ཚོད། མི་རིགས། ཁྱིམ་བདག་དང་བཅས་ཁྱོན་བརྟག་དཔྱད་རྣམ་གྲངས6ཚུད་ཡོད། ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ལ་དེང་རབས་ཚན་རིག་གི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་རྩའི་ཁྱད་ཆོས་ལྡན། ཡོངས་ཁྱབ་ཞིབ་བཤེར་བྱས་པ་ལས་ཐོབ་པའི་དཔྱད་ཡིག་གི་ཆ་ཚང་རང་བཞིན་དང་གནད་འཁེལ་རང་བཞིན་ལ་མཚོན་ན་ཀྲུང་གོའི་མི་འབོར་བསྡོམས་རྩིས་བྱེད་པའི་ལས་དོན་གྱི་འགོ་འཛུགས་ས་གསར་པ་ཞིག་རེད།

1964ལོར་དཔལ་འབྱོར་སྙོམ་སྒྲིག་བྱས་རྗེས། ལོ་ལྔའི་འཆར་གཞི་གསུམ་པ་དང་ཡུན་རིང་གི་འཆར་འགོད་བཟོ་ཆེད་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ་སྒྲིག་འཛུགས་བྱས། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ལ་ཐེངས་སྔོན་མའི་ཡོངས་ཁྱབ་ཞིབ་བཤེར་གྱི་རྣམ་གྲངས6སོར་བཞག་བྱས་པ་ཕུད། ད་དུང་མི་རང་ངོས་ཀྱི་གྲུབ་ཆ་དང་། རིག་གནས་བྱང་ཚད། ལས་རིགས་བཅས་རྣམ་གྲངས་3མང་དུ་བཏང་བ་དང་ཁྱོན་རྣམ་གྲངས་9ཡོད་པ་རེད། ཐེངས་འདིའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཐོ་དོ་དམ་བྱེད་པའི་ལམ་ལུགས་དག་ཐེར་དང་འཐུས་ཚང་དུ་བཏང་། གྲོང་གསེབ་ཏུ་གུང་ཧྲེ་དང་རུ་ཆེན་རིམ་པ་གཉིས་ཀྱི་ཁྱིམ་ཐོ་ཡོངས་ཁྱབ་ཏུ་བཙུགས། ཕྲུ་གུ་སྐྱེ་བ་དང་འདས་པ། ནང་དུ་གནས་སྤོ་བ། ཕྱི་རུ་གནས་སྤོ་བ་བཅས་ཀྱི་འགྱུར་ལྡོག་གི་ཐོ་འགོད་དོན་ཚན་བཞི་བཙུགས་ནས་འཐུས་ཚང་དུ་བཏང་སྟེ་ཁྱིམ་ཐོ་དོ་དམ་མི་སྣ་གཏན་འཁེལ་བྱས་པ་རེད། གྲོང་ཁྱེར་གྱི་ཁྱིམ་ཐོའི་རྣམ་གྲངས་འབོར་ཆེན་གྱི་ནོར་འཁྲུལ་ཡོ་བསྲང་བྱས་ནས་ཁྱིམ་ཐོའི་དོ་དམ་ལམ་ལུགས་ནན་དུ་བཏང་བ་མ་ཟད། རྒྱུན་གཏན་རང་བཞིན་གྱི་ཁྱིམ་ཐོ་དོ་དམ་དང་མི་འབོར་བསྡོམས་རྩིས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་རྨང་གཞི་བཏིང་ཡོད།

1982ལོར། “རིག་གནས་གསར་བརྗེ་ཆེན་པོ་”དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྒྱབ་ལྗོངས་འོག་རྒྱལ་ཁབ་ཀྱིས་ཡང་དག་པའི་མི་འབོར་གྱི་ཆ་འཕྲིན་ལ་བརྟེན་ནས་སྲིད་ཇུས་གཏན་འབེབས་དང་། རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་སྒྲིག་འཛུགས་བྱས་ནས། ཡོངས་ཁྱབ་ཞིབ་བཤེར་གྱི་དོན་ཚན་ཁག19བར་མང་དུ་བཏང་བ་མ་ཟད། རྩིས་འཁོར་སྤྱད་དེ་གཞི་གྲངས་ཐག་གཅོད་བྱས་པ་ཐེངས་དང་པོ་ཡིན་པ་རེད། དེ་སྔའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་དང་བསྡུར་ན། 1982ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་ཀྲུང་གོའི་དེང་རབས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་བའི་འཕེལ་རིམ་ཁྲོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཡིན་ལ། དེས་ཀྲུང་གོས་མི་འབོར་སྡོམ་རྩིས་གཞི་གྲངས་འཚོལ་སྡུད་བྱེད་པའི་ཕྱོགས་སུ་ཡར་རྒྱས་ཆེན་པོ་བྱུང་བ་མཚོན་ལ་དོན་སྙིང་གཏིང་ཟབ་མོ་ལྡན།

1990ལོར་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་སྒྲིག་འཛུགས་བྱས་ཡོད། མི་འབོར་གནས་སྤོ་དང་འཁོར་རྒྱུག་གི་གྲངས་འབོར་མང་དུ་སོང་བའི་གནས་ཚུལ་མཚོན་ཆེད། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་དེ་སྔོན་མའི་ཡོངས་ཁྱབ་ཞིབ་བཤེར་གྱི་རྨང་གཞིའི་ཐོག་ལོ་ལྔའི་གོང་གི་རྒྱུན་སྡོད་ས་ཆའི་གནས་ཚུལ་དང་ས་གནས་དེ་གར་སྤོས་ཡོང་བའི་རྒྱུ་རྐྱེན་ཁག་གཉིས་བསྣན་ནས་དོན་ཚན21ལ་སླེབས། 

2000ལོར། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཐབ་ཇུས་དང་འཆར་འགོད་གཏན་འབེབས་བྱ་ཆེད། རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་སྒྲིག་འཛུགས་བྱས། ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ལ་ཁྱད་ཆོས་གསར་པ་མང་པོ་ཡོད། གཅིག་ནི་ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ཁ་སྣོན་བྱས་ནས། དུད་ཚང་ལྟར་རེའུ་མིག་བསྐོང་བའི་དོན་ཚན་དང་མི་ལྟར་རེའུ་མིག་བསྐོང་བའི་དོན་ཚན་ཁྱོན49ཡོད་པ་དེ་ཐེངས་སྔོན་མའི་ཡོངས་ཁྱབ་ཞིབ་བཤེར་བྱས་པ་ལས་དོན་ཚན28ཀྱིས་མང་དུ་ཕྱིན་ཡོད། གཉིས་ནི་ཐེངས་དང་པོར་རེའུ་མིག་རིང་ཐུང་གཉིས་ཀྱི་ལག་རྩལ་སྤྱད་པ། གསུམ་ནི་རྒྱུན་སྡོད་མི་འབོར་གྱི་ཚད་གཞི་བསྒྱུར་བ། བཞི་ནི་ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞི་བསྒྱུར་བ། ལྔ་ནི་འོད་གློག་ཕབ་འཇུག་ལག་རྩལ་ཐོག་མར་སྤྱད་པ། དྲུག་ནི་“གནས་སྐབས་སྡོད་མིའི་རེའུ་མིག་”བཅས་མང་དུ་བཏང་ཡོད།

2000ལོ་ནས་བཟུང་རང་རྒྱལ་གྱི་མི་འབོར་གྱི་གྲངས་འབོར་དང་གྲུབ་ཚུལ། ཁྱབ་ཚུལ། སྡོད་གནས་ཁོར་ཡུག་སོགས་ཐད་ཀྱི་འགྱུར་ལྡོག་གནས་ཚུལ་རྩད་ཆོད་གསལ་པོ་བྱེད་པ་དང་། ཚན་རིག་དང་མཐུན་པར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བར་གནད་དུ་འཁེལ་བ། ཆ་ཚང་བ། དུས་ཐོག་ཏུ་འཁེལ་བ་བཅས་ཀྱི་མི་འབོར་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་ཆེད། 2010ལོར། རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་སྒྲིག་འཛུགས་བྱས། 2010ལོའི་ཟླ6པའི་ཚེས1ཉིན། 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ནས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་པར་ཁྲིམས་ལུགས་ཀྱི་འགན་སྲུང་བྱས། ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ཀྱི་རྩ་དོན་དེ་སྔོན་ཆད་ཀྱི་རྒྱུན་སྡོད་ས་གནས་སུ་ཐོ་འགོད་བྱེད་པ་དང་། མི་སོ་སོས་ངེས་པར་ཏུ་ད་ལྟའི་སྡོད་གནས་ཐོ་འགོད་བྱེད་པ། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ཁྱིམ་ཐོ་ཐོ་འགོད་བྱ་ཡུལ་དུ་བསྡད་མེད་པ་ལ་ཁྱིམ་ཐོ་ཐོ་འགོད་བྱ་ཡུལ་དུའང་དེ་མཚུངས་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་དགོས། དེ་དང་ཆབས་ཅིག་ཡོངས་ཁྱབ་ཞིབ་བཤེར་དོན་ཚན45ཉུང་དུ་བཏང་བ་དང་འབྲེལ་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་དེ་བཞིན་ཕྱི་རྒྱལ་གྱི་མི་སྣར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ཐེངས་དང་པོ་བྱས་པ་རེད།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་བྱས་པའི་ལོ་རྒྱུས་བརྒྱུད་རིམ་ནི་ཀྲུང་གོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་རིམ་བཞིན་ཇེ་མཐོ་དང་འཐུས་ཚང་དུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་ཐོག་གི་ལེགས་ཆའི་ཉམས་མྱོང་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། རང་རྒྱལ་གྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་རིམ་བཞིན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།