ཀྲུང་གོ་བོད་ཀྱི་དྲ་བ།

འཇའ་ཚོན་འཆར་སྟངས་ལ་བལྟས་ནས་གནམ་གཤིས་བརྟག་ཚུལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇའ་ནི་ཆར་བབས་རྗེས་ཆུ་རྡུལ་ལ་ཉི་འོད་ཕོག་ནས་ནམ་མཁར་ཤར་བའི་ཚོན་རིས་གཞུ་དབྱིབས་ཅན་དེ་ཡིན་ལ། དེར་དམར་པོ་དང་ལི་ཁྲི། སེར་པོ། ལྗང་ཁུ། མཐིང་ག སྨུག་པོ་བཅས་ཁ་དོག་བདུན་དང་ལྡན་ཞིང་རྒྱུན་དུ་གཉིས་རེ་འཆར་བའི་ནང་གི་མདོག་དམར་པོ་ཕྱི་ངོས་ན་ཡོད་པའི་བཀྲག་མདངས་ཅན་ལ་འཇའ་ཚོན་ཟེར། མདོག་དམར་པོ་ནང་ངོས་ན་ཡོད་པ་ལ་འཇའ་བརྙན་ཟེར། འཇའ་འོད་དང་ལྡན་པའི་སྤྲིན་ལ་འཇའ་སྤྲིན། འཇའ་ཡི་འོད་མདངས་ལ་འཇའ་འོད། འཇའ་ཚོན་གྱི་རི་མོ་ལ་འཇའ་རིས་སོགས་མང་པོ་ཡོད་པ་རེད། འཇའ་ཚོན་ནི་དོན་ལ་གནམ་གཤིས་འགྱུར་ལྡོག་ལས་བྱུང་དང་འབྱུང་བཞིན་ཡོད་པའི་འོད་རིག་པའི་སྣང་ཚུལ་ཞིག་དང་། ཉི་མའི་འོད་ཟེར་དེ་བར་སྣང་ཁམས་ཀྱི་ཆར་ཐིགས་ལ་འཕྲོས་པའི་ལྡོག་འོད་དེ་ཚོན་མདོག་བདུན་ལྡན་པའི་གཞུ་དབྱིབས་ཅན་གྱི་འོད་རིམ་དུ་གྱུར་པ་རེད། དམངས་ཁྲོད་དུ་འཇའ་ཚོན་དང་འབྲེལ་བ་ཡོད་པའི་གཏམ་དཔེ་གང་མང་ཡོད་པ་དང་། དཔེར་ན། འཇའ་ཚོན་ཤར་ནས་ཤར་བ་ན། ། གནམ་ངོ་དྭངས་ནས་ཉི་མ་འཆར། ། འཇའ་ཚོན་ནུབ་ཏུ་ཤར་བ་ན། ། མ་འོངས་ཉིན་འགར་ཆར་བ་འབབ། ། འཇའ་ཚོན་ལྷོ་ནས་ཤར་པ་ན། ། དྲག་ཆར་འབབ་པའི་སྔ་ལྟས་ཡིན། ། འཇའ་ཚོན་བྱང་ནས་ཤར་བ་ན། ། ཆར་ཆུ་དཀོན་ལ་ཐན་པ་འབྱུང་། ། ཞེས་པའི་གནམ་གཤིས་སྐོར་གྱི་གཏམ་དཔེར་གཞིགས་ན། དེའི་བརྗོད་བྱ་གཙོ་བོ་ནི་འཇའ་ཚོན་ཤར་ཕྱོགས་ནས་ཤར་ན་མ་འོངས་ཉིན་འགར་གནམ་ངོ་ཐང་བ་དང་། འཇའ་ཚོན་ལྷོ་ཕྱོགས་ནས་ཤར་ན་དྲག་ཆར་འབབ་པའི་སྔ་ལྟས་ཡིན། འཇའ་ཚོན་བྱང་ཕྱོགས་ནས་ཤར་ན། རླུང་ཁམས་ཆེན་པོར་འགུལ་སྐྱོད་དྲག་པོ་བྱུང་བའི་དབང་གིས་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས་ལོ་ལེགས་འབྱུང་མི་སྲིད། འཇའ་ཤར་ནས་ཤར་ན་འབྲུག་སྒྲ་ལྡིར། །འཇའ་ནུབ་ནས་ཤར་ན་ཆར་བ་འབབ། ། ཅེས་འཇའ་འཆར་བའི་ཁ་ཕྱོགས་ལ་བརྟེན་ནས་གནམ་གཤིས་བརྟག་པ་དང་། །འཇའ་སྤང་ལ་བཀྲ་ན་འབབ་རྟགས། །འཇའ་ཆུ་ལ་བཀྲ་ན་དྭངས་རྟགས། ཞེས་འཇའ་འཆར་སའི་གནམ་གཤིས་ལ་བརྟེན་ནས་གནམ་དྭངས་མིན་བརྟག་པ་སོགས་ཀྱང་། གང་བྱུང་གི་འཆལ་གཏམ་ཙམ་མ་ཡིན་པར་ཡུན་རིང་གི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ནས། རང་བྱུང་ལ་རྒྱུས་ལོན་བྱས་པའི་འབྲས་བུ་ཡིན་པས་བདེན་པའི་ཆ་མི་ཉུང་བ་མཆིས།དེ་ཡང་གླུ་ཚིག་ཅིག་ཏུ་ཁ་དོག་སྣ་ལྔའི་འཇའ་ཚོན། །རང་དགར་ཤར་ནི་མིན་དེ། ཤར་ཟུག་ཉི་མའི་དཀྱིལ་འཁོར། ནུབ་ཟུག་ཆར་བའི་གཞི་མ། ། དེ་བཞིན་འཇའ་ཚོན་ཁ་དོག་སྣ་ཚོགས་ཤར་དུ་ཟུག་ན་ཆར་འབབ།ནུབ་ཏུ་ཆད་ཅེས་པས་འཇའ་སྣེ་ཟུག་ཕྱོགས་དང་ཁ་དོག་གི་ཆ་ནས་ཆར་བ་འབབ་མིན་བརྟག་པའི་གོམས་སྲོལ་ཡོད། དེ་ནི་གནས་ལུགས་དང་མཐུན་པ་ཞིག་ཡིན་ཏེ། སའི་གོ་ལ་ནི་ནུབ་ནས་ཤར་ལ་རང་སྐོར་རྒྱག་གི་ཡོད་པར་བརྟེན། ཤར་ཕྱོགས་ཀྱི་གནམ་གཤིས་ངན་པ་དེས་ང་ཚོར་ཤུགས་རྐྱེན་ཐེབས་ཀྱིན་མེད། གལ་ཏེ་འཇའ་ནུབ་ཕྱོགས་སུ་ཟུག་ན་དེ་ནི་ང་ཚོ་སྡོད་སའི་ས་ཆར་ཆར་བ་འབབ་རྒྱུའི་ངེས་པ་ཆེན་པོ་ཡོད་པའི་སྔོན་བརྡ་བཏང་བ་ཞིག་ཡིན་ཞེས་པ་བདེན་ལུགས་ཡིན་པ་ར་སྤྲོད་བྱས་བྱུང་། བོད་ཀྱི་ལུགས་སུ་འཇའ་ལ་བརྟག་པའི་སྐོར་ལ་མཁས་པའི་གསུང་དུ། འཇའ་གཟུགས་གདུགས་དང་རྒྱལ་མཚན་ཤིང་རྟ་དང་། འཁོར་ལོ་དར་སོགས་ཤིས་པའི་རྣམ་པ་ཅན། ། གྱུར་ཚེ་ལོ་ལེགས་རྒྱལ་པོ་རྒྱལ་བྱེད་ཅིང་། དགེ་མཚན་དུ་མས་འཇིག་རྟེན་བདེ་བར་འགྱུར། ། བུག་པ་གཏུན་ཤིང་མདུང་རྩེ་གཞུ་ཡི་དབྱིབས། ། སྒྲོག་རུས་ལྟ་བུས་ཡུལ་འཁོར་འཇིག་པར་འགྱུར། ། མགོ་ཐོད་བུག་ཐོ་རུས་སྦལ་ལྟ་བུ་དང་། ཆུ་སྲིན་ལ་སོགས་ཆུ་ཡི་སྲོག་ཆགས་གཟུགས། ། སྣང་ཚེ་མེ་དང་ཆུ་ཡི་འབོད་པ་དང་། མུ་གེ་ནད་ཀྱི་འཇིགས་པ་དུ་མ་འབྱུང་། ། ཁ་དོག་སྣ་ཚོགས་རིམ་པ་མང་པོའི་འཇའ། ། ཆུ་ལ་ཤར་ཡང་ཡུལ་དེར་ཆར་བ་འབབ། ། དུས་གསུམ་མཚམས་སུ་འཇའ་ཟུག་ལོ་ལེགས་བདེ། ། གཟའ་སོགས་བཟང་པོར་ཡུལ་དུ་འཇའ་ཟུག་ན། ། རྒྱལ་པོ་སྲིད་དེར་དགེ་ཞིང་རྐུན་པོ་འཇོམས། ། དེ་ཉིད་རྗེས་ལ་ཉིན་ཞག་བདུན་ཚུན་དུ། ། ཆར་འབབ་ན་ཡང་འབྲས་བུ་དགེ་བར་བཤད། ། ཅེས་པ་དེས་འཇའ་ཚོན་དང་ཆར་བའི་འབྲེལ་བ་གསལ་པོར་བརྗོད་འདུག གཞན་ཡང་སྤྲིན་པ་ཁ་སེར་གཏིང་ནག སད་དང་སེར་བའི་གཞི་རེད། ། བན་དེ་སྐྱ་མིན་སེར་མིན། ། སངས་རྒྱས་བསྟན་པའི་དགྲ་བོ།། ཞེས་པ་སོགས་ནི་སྙན་ངག་གི་ལམ་ནས་དཔེ་དང་དཔེ་ཅན་སྦྱར་ཏེ་དོན་གྱི་གནད་འཕིགས་པར་བྱས་ཡོད་ལ། དཔེ་དེ་ནི་བོད་པའི་མཐོང་ཐོས་ཀྱི་ཉམས་མྱོང་ལས་བྱུང་བའི་ཆར་བ་བརྟག་སྲོལ་ཞིག་ཏུ་གྱུར་པའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།