ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དྲི་བ་དྲིས་ལན་འགའ།

ཡོང་ཁུངས། : 《ཁོར་ཡུག་སྲུང་སྐྱོབ》     སྤེལ་དུས། : 2020-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྲི་བ། གང་འདྲ་ཞིག་ལ་སྐྱེ་ཁམས་ཟེར།

དྲིས་ལན། སྐྱེ་ཁམས་ཞེས་པ་ནི་སྐྱེ་དངོས་འཚར་སྐྱེས་འབྱུང་བའི་རྣམ་པའམ་སྣང་ཚུལ་ལ་གོ་ཞིང་། ཞིབ་པར་གོ་བ་ལེན་ན་སྐྱེ་ཁམས་ནི་སྐྱེ་དངོས་རིགས་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ཐེབས་ཐུབ་པའི་མཐུན་རྐྱེན་མཐའ་དག་དང་དེ་ཚོའི་བར་གྱི་འབྲེལ་བར་ཟེར།

དྲི་བ། ཁོར་ཡུག་ཅེས་པ་གང་འདྲ་ཞིག་ལ་ཟེར།

དྲིས་ལན། ཁོར་ཡུག་ནི་འགྲོ་བ་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་རང་བྱུང་དང་མིས་བསྒྱུར་བཀོད་བྱས་པའི་རྒྱུ་རྐྱེན་སྣ་ཚོགས་ལ་ཟེར་ཞིང་། དེའི་ནང་མཁའ་རླུང་དང་།ཆུ།རྒྱ་མཚོ། ས་ཞིང་། གཏེར་ཁ།ནགས་ཚལ།རྩྭ་ཐང་། རི་སྐྱེས་སྐྱེ་དངོས། རང་བྱུང་གི་གནའ་ཤུལ། ཤེས་རིག་གི་གནའ་ཤུལ། རང་བྱུང་སྲུང་སྐྱོབ་ཁུལ། ཡུལ་ལྗོངས་རིག་རྫས་གྲགས་ཅན། གྲོང་ཁྱེར་དང་གྲོང་གསེབ་སོགས་ཚུད་ཡོད།

དྲི་བ། སྐྱེ་ཁམས་དང་ཁོར་ཡུག་བར་གྱི་འབྲེལ་བ་གང་འདྲ་ཞིག་ཡིན་ནམ།

དྲིས་ལན། རྒྱ་ཆེ་ས་ནས་བཤད་ན་སྐྱེ་ཁམས་དང་ཁོར་ཡུག་གཉིས་ཀ་ཁོར་ཡུག་གི་ཁོངས་སུ་གཏོགས་པ་ཡིན་མོད། འོན་ཀྱང་ཐ་སྙད་དེ་གཉིས་རྒྱུན་གཏན་དུ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ནང་དོན་མི་འདྲ་བ་གཉིས་ལ་གོ་སྟེ། སྐྱེ་ཁམས་ནི་སྐྱེ་ལྡན་དངོས་པོ་གཙོ་བོར་བྱས་ནས་དེའི་གྲུབ་ཆ་དང་། འགྱུར་བ། ཁྱད་ཆོས་གཙོ་བོར་བྱེད་ཅིང་། གཙོ་བོ་ནི་རྩི་ཤིང་དང་། སྲོག་ཆགས། སྐྱེ་དངོས་ཕྲ་རབ། སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་བཅས་ལ་གོ་བ་ཡིན། ཁོར་ཡུག་ནི་ས་དང་། ཆུ། མཁའ་རླུང་སོགས་ཀྱིས་གཙོར་བྱས་པའི་སྐྱེ་མེད་ཀྱི་གྲུབ་ཆ་དང་དེའི་ཁྱད་ཆོས། འཕེལ་འགྱུར་སོགས་ལ་གོ་བ་ཡིན། གཞི་རྒྱ་ཆེ་བའི་རང་བྱུང་གི་གྲུབ་ཆ་གཙོ་བོར་བཞག་པའི་འཚོ་བའི་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱ་དགོས་ན། ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་བྱ་དགོས།

དྲི་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅེས་པ་གང་འདྲ་ཞིག་ལ་ཟེར།

དྲིས་ལན། དེང་རབས་ཚན་རིག་རིག་གཞུང་དང་ཐབས་ཤེས། དེ་བཞིན་ལག་རྩལ་བེད་སྤྱད་དེ་སྲིད་འཛིན་དང་། དཔལ་འབྱོར། ཚན་རིག་ལག་རྩལ་སོགས་ཕྱོགས་མང་པོའི་བྱེད་ཐབས་ལ་བརྟེན་ནས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལུགས་མཐུན། ཁོར་ཡུག་སྦགས་བཙོག་དང་གཏོར་བཤིག་མི་ཡོང་བ་སྔོན་འགོག་དང་འགོག་བཅོས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ནས་མིའི་ལུས་ཁམས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས་ཏེ་སྤྱི་ཚོགས་དཔལ་འབྱོར་དང་ཁོར་ཡུག་འཕེལ་རྒྱས་འཆམ་མཐུན་རྒྱུན་བསྲིང་ཡོང་བ་བྱ་རྒྱུ་དེ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།