བྱིས་པ་རྫུན་བཤད་རྒྱུར་དགའ་བའི་སྐབས་སུ་ཁྱིམ་བདག་གིས་ཇི་ལྟར་བྱེད་དགོས་སམ།

གང་འདོད་དུ་བྱིས་པར་སྐྱོན་འཛུགས་བྱེད་མི་རུང་། བྱིས་པས་ཐེངས་གཅིག་ལ་རྫུན་བཤད་པ་ལས་བྱིས་པར“རྫུན་རྐྱལ”“རྫུན་རྒན”སོགས་ཀྱི་མིང་འདོགས་མི་རུང་། དེ་ལྟར་བྱས་ཚེ་བྱིས་པའི་རྫུན་བཤད་འདོད་པའི་འདུན་པའམ་བྱེད་ནུས་ཆེས་ཆེར་འཕེལ་ཏེ་རྫུན་བཤད་ཚད་ཇེ་མང་དུ་འགྲོ་བ་རེད།

བྱིས་པར་དོན་དངོས་དང་བསམ་ཚོད་གཉིས་ཀྱི་དབྱེ་བ་འབྱེད་རོགས་བྱེད་དགོས། བྱིས་པས་རྫུན་བཤད་པ་ཐམས་ཅད་བསམ་བཞིན་དུ་བཤད་པ་མ་ཡིན་ཏེ། ལྷག་པར་དུ་ལོ་ན་ཆུང་ཞིང་། བསམ་པའི་འཆར་སྒོ་དང་གསར་སྐྲུན་ནུས་པ་ཕུན་སུམ་ཚོགས་པའི་བྱིས་པ་ཞིག་ལ་མཚོན་ན་རང་གི་བསམ་ཚོད་ལྟར་རྫུན་བཤད་པ་རེད། ཕ་མས་བྱིས་པར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་གང་དག་ནི་དོན་དངོས་ཡིན་པ་དང་། བསམ་ཚོད་ཟེར་བ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་པ་སོགས་བཤད་དེ། བྱིས་པར་དོན་དངོས་དང་བསམ་ཚོད་གཉིས་ཀྱི་དབྱེ་བ་འབྱེད་རོགས་བྱེད་དགོས།

བྱིས་པས་རྫུན་བཤད་ཀྱིན་ཡོད་མེད་ར་སྤྲོད་བྱེད་དགོས། ཕ་མ་ཡིས་བྱིས་པས་རྫུན་བཤད་ཀྱིན་ཡོད་པ་ཤེས་པའི་སྐབས་སུ། ཐོག་མར་བརྟག་དཔྱད་དང་རྒྱུས་ལོན་ཞིབ་མོ་བྱས་ཏེ་བྱིས་པས་རྫུན་བཤད་ཀྱིན་ཡོད་མེད་གསལ་པོར་བྱེད་དགོས། གལ་ཏེ་ཧོལ་རྒྱུག་བྱས་ན་བྱིས་པའི་སེམས་ཁམས་ལ་གནོད་པར་མ་ཟད། ད་དུང་ཕ་མ་དང་བྱིས་པའི་བར་གྱི་འབྲེལ་བར་ཡང་གནོད་པ་རེད།

བྱིས་པས་རྫུན་བཤད་པའི་རྒྱུ་རྐྱེན་འཚོལ་དགོས། བྱིས་པ་མང་ཆེ་བ་ཞིག་ཕ་མ་དང་མཉམ་དུ་སྡོད་པའི་གོ་སྐབས་ཉུང་བས། བྱིས་པས་རྫུན་བཤད་པའི་ཐབས་ལ་བརྟེན་ནས་ཕ་མར་དོ་སྣང་བྱེད་དུ་འཇུག་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ཕ་མས་རྒྱུན་པར་བྱིས་པ་དང་འབྲེལ་འདྲིས་བྱེད་དགོས་པར་མ་ཟད། ད་དུང་བྱིས་པའི་བསམ་ཚུལ་ལ་རྒྱུས་ལོན་བྱས་ཏེ་བྱིས་པའི་སེམས་སུ་ཕ་མས་རང་ལ་གཅེས་སྐྱོང་དང་དོ་སྣང་བྱེད་ཀྱིན་ཡོད་པ་ཤེས་སུ་འཇུག་དགོས།

བྱིས་པར་ཡོ་བསྲང་བྱེད་པའི་གོ་སྐབས་སྟེར་དགོས། གལ་ཏེ་བྱིས་པས་བྱ་སྤྱོད་རང་བཞིན་གྱིས་རྫུན་བཤད་པའི་སྐབས་སུ། བྱིས་པར་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་པའི་ཡིད་ཆེས་ལྡན་དགོས། དེ་ལྟར་བྱས་ན་བྱིས་པ་རང་སྟེང་ནས་རང་ཉིད་ཀྱི་ནོར་འཁྲུལ་ལ་འགན་འཁུར་བའི་གོམས་གཤིས་ཤིག་ཆགས་ཐུབ། དཔེར་ན། བྱིས་པས་ཁྱིམ་ཚང་གཞན་པའི་བྱིས་པའི་རྩེད་ཆས་འཁྱེར་ཡོང་བ་ལྟ་བུ་ཡིན་ན། ཁྱིམ་བདག་གིས་བྱིས་པར་རང་ཉིད་ཀྱི་ནོར་འཁྲུལ་ཇི་ལྟར་ཡོ་བསྲང་བྱེད་པའི་སྐོར་ལ་བསམ་བློ་གཏོང་དུ་འཇུག་དགོས། གལ་ཏེ་བྱིས་པས་ཇི་ལྟར་བྱེད་དགོས་པ་མི་ཤེས་པའི་སྐབས་སུ་ཁྱིམ་བདག་གིས་མཛུབ་སྟོན་ནམ་རོགས་རམ་གནང་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།