ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པས་གནས་ལུགས་མེད་པའི་རེ་བ་བཏོན་ན་ཇི་ལྟར་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པས་གནས་ལུགས་མེད་པའི་རེ་བ་འདོན་པའི་རྒྱུ་མཚན་ག་འདྲ་ཡིན་པ་རྟོགས་དགོས། བྱིས་པས་གནས་ལུགས་མེད་པའི་རེ་བ་འདོན་པ་ནི་ཕ་མར་ཉམས་ཚོད་ལེན་པ་རེད། མི་དར་མས་དབྱེ་མཚམས་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་ཤེས་ཀྱིན་ཡོད་མོད། འོན་ཀྱང་བྱིས་པས་མ་གཞི་ནས་ཕ་མར་དབྱེ་མཚམས་འཛིན་མི་ཤེས་པས། ཕ་མས་བྱིས་པར་ཕ་མ་དང་བྱིས་པའི་བར་གྱི་དབྱེ་མཚམས་ནི་ཅི་ཡིན་པ་ཤེས་སུ་འཇུག་དགོས། དེ་ལྟར་མིན་ཚེ། བྱིས་པས་དབྱེ་མཚམས་མ་ཤེས་པར་ཇི་ལྟར་ལས་ན་འགྲིག་པ་དང་། ཇི་ལྟར་ལས་ན་ནོར་ཡོད་པ་སོགས་ཤེས་ཀྱིན་མེད་པ་རེད། སྐབས་དེར་ཕ་མས་བྱིས་པར་གནོན་ཤུགས་བྱིན་ཏེ་ཕ་མའི་མ་མཐའི་ཚད་ཐིག་ཅི་ལྟ་བུ་ཞིག་ཡིན་པ་ཤེས་སུ་འཇུག་དགོས།

“དེ་ལྟར་བྱེད་ཆོག”ཅེས་པས“ཆི་ཆོག”ཅེས་པའི་ཚབ་བྱེད་པ། ཕ་མས“མི་ཆོག”ཅེས་བརྗོད་པ་ཐོས་སྐབས། བྱིས་པ་ལ་ལས་ཕ་མས་རང་གི་རེ་བ་དང་ལེན་མི་བྱེད་དོན་ཅི་ཡིན་པ་གཏན་ནས་ཧ་གོ་གི་མེད་པ་རེད། དཔེར་ན། བྱིས་པས་ཕ་མ་ལ་ཀ་ར་བཟའ་རྒྱུའི་རེ་བ་འདོན་སྐབས། ཕ་མས་ཟ་མ་མ་ཟོས་པའི་སྔོན་ལ་ཀ་ར་ཟོས་ན་མི་ཆོག་ཅེས་བཤད་ཚེ། བྱིས་པ་ཁོང་ཁྲོ་ལངས་ནས་ངུ་འབོད་བྱེད་སྲིད། གལ་ཏེ་ཕ་མས་བཟའ་ཆོག་མེད། ཟ་མ་ཟོས་རྗེས་ངས་ཁྱོད་ལ་ཀ་ར་སྟེར། ད་ལྟ་ང་ཚོས་མཉམ་དུ་ཟ་མ་བཟའ་ཞེས་བརྗོད་ཚེ་བྱིས་པས་དང་ལེན་བྱེད་ཐུབ་པར་མ་ཟད་ད་དུང་སྤྲོ་བ་ཡང་ཡོད་པ་རེད།

ངང་རྒྱུད་རིང་པོས་འགྲེལ་བཤད་བྱས་ནས་མྱོང་ཚོར་བཤད་པ། ཁྱིམ་བདག་བྱིས་པའི་བྱ་སྤྱོད་ལ་དགའ་བོ་མེད་པའི་སྐབས་སུ་ངང་རྒྱུད་རིང་པོའི་སྒོ་ནས་འགྲེལ་བཤད་རྒྱག་དགོས། དཔེར་ན། བྱིས་པས་ཡང་དང་བསྐྱར་དུ་ཅོག་ཙེ་བརྡུངས་པའི་སྐབས་སུ། ཁྱིམ་བདག་གིས་ཁྱོད་ཀྱིས་འདི་ལྟར་ཅོག་ཙེ་བརྡུངས་ན་ཅོག་ཙེ་ཆགས་ནས་ང་ཚོར་ཟ་མ་ཟ་ས་ཡང་མེད་པ་རེད་ཅེས་བརྗོད་དེ། ཁོའི་བྱ་སྤྱོད་ཀྱིས་མི་གཞན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པའི་གནས་ལུགས་ཤེས་སུ་འཇུག་པ་དང་། མི་གཞན་གྱི་མྱོང་ཚོར་ལ་བསམ་བློ་གཏོང་ཤེས་པར་བྱེད་དགོས།

རང་ཉིད་ཀྱིས་དཔེ་སྟོན་བྱས་ནས་བྱིས་པར་ཤེས་སུ་འཇུག་པ། བྱིས་པ་ལ་ལས་རྒྱུན་མི་ཆད་པར་མི་ལ་སུན་སྣང་བཟོ་བའི་བྱ་བ་སྒྲུབ་པ་རེད་ལ། དེའི་རྒྱུ་རྐྱེན་གཅིག་ནི་བྱིས་པས་བསྒྲུབ་མི་རུང་བའི་དོན་དེ་ལས་གཞན་ཅི་ཞིག་བསྒྲུབ་དགོས་པ་ཤེས་ཀྱིན་མེད་པ་དེ་རེད། སྐབས་དེར། ཕ་མས་དཔེ་སྟོན་བྱས་ནས་ཇི་ལྟར་བསྒྲུབས་ན་སྔར་ལས་ལེགས་པོ་ཡོང་བ་ཤེས་སུ་འཇུག་དགོས།

བྱིས་པར་གདམ་ག་བྱེད་དུ་འཇུག་དགོས། བྱིས་པར་གདམ་གའི་གོ་སྐབས་བྱིན་ནས། བྱིས་པར་རང་ཉིད་ལ་གནས་ཚུལ་ཚོད་འཛིན་བྱེད་པའི་དབང་ཆ་ཡོད་པ་ཤེས་སུ་འཇུག་དགོས། ལོ1ནས3བར་གྱི་བྱིས་པར་སྟབས་བདེའི་བྱ་བ་གདམ་ག་བྱེད་དུ་བཅུག་ན་རང་ཚུགས་རང་བཞིན་གསོ་སྐྱོང་བྱེད་པར་ཕན་པ་ཡོད། ཡིན་ཡང་གདམ་ག་མང་པོ་བྱེད་དུ་འཇུག་མི་རུང་། བྱིས་པ་དང་སློབ་ལོ་རན་པའི་བྱིས་པར་མཚོན་ནས་བཤད་ན། གདམ་ག་གཉིས་ལས་གཅིག་གདམ་དུ་བཅུག་ན་ཆོག་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།