ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་མི་གཞན་དང་འདྲིས་དཀའ་ཞིང་ཁ་གྲགས་རྒྱུར་མི་དགའ་བའི་རྒྱུ་མཚན་ཅི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱིས་པ་མང་ཆེ་བ་ཞིག་མི་གཞན་ལ་འདྲིས་དཀའ་ཞིང་། ཁ་གྲགས་རྒྱུར་མི་དགའ་བ། བྱིས་པ་གཞན་དག་དང་འབྲེལ་འདྲིས་བྱེད་དཀའ་བའི་གཤིས་ཀ་ལྡན་ཕྱིར། རྒྱུན་པར་རང་ཉིད་གཅིག་པུ་རྩེད་མོར་གཡེང་ནས་འདུག་པ་རེད། དེའི་ཕྱིར། ཕ་མ་ཚོས་བྱིས་པ་དེའི་རིགས་ལ་ཇི་ལྟར་བྱེད་དགོས་ཞེ་ན།

མི་གཞན་ལ་འབྲེལ་འདྲིས་བྱེད་པའི་གོ་སྐབས་བསྐྲུན་དགོས། བྱིས་པ་ནི་རང་དང་ན་མཉམ་གྲོགས་པོ་ཚོ་དང་མཉམ་དུ་རྩེ་རྒྱུར་དགའ་བོ་ཡོད་པས། ན་མཉམ་ཚོ་དང་མཉམ་དུ་རྩེས་ན་རང་གི་དགའ་ཕྱོགས་དང་སྐད་བརྡ། ཐོབ་འདོད་པའི་དངོས་པོ་སོགས་ཐུན་མོང་གི་ལྟ་བ་གཅིག་མཐུན་བྱུང་ནས་སྔར་ལས་དགའ་ཚོར་ཆེན་པོ་སྐྱེས་ཀྱིན་ཡོད། མི་གཞན་དང་འབྲེལ་འདྲིས་བྱེད་རྒྱུར་མི་དགའ་བའི་བྱིས་པ་རྣམས་ནི་རྩེད་མོ་རྩེ་རྒྱུར་མ་དགའ་བ་ཞིག་གཏན་ནས་མིན་ཏེ། རྩེད་མོ་རྩེ་མི་ཕོད་པ་དང་ངོ་ཚ་བའི་རྐྱེན་གྱིས་བྱིས་པ་གཞན་དང་ཉེ་བར་བཅར་ཐུབ་ཀྱིན་མེད་པ་རེད། དེའི་ཕྱིར། ཕ་མ་ཚོས་བྱིས་པ་སྒོ་ཕྱིར་ཁྲིད་ནས་བྱིས་པ་གཞན་དག་དང་མཉམ་དུ་རྩེད་མོ་རྩེ་རུ་བཅུག་ན། བྱིས་པ་གཞན་པ་དང་འབྲེལ་འདྲིས་བྱས་པ་བརྒྱུད་རང་ཉིད་ཀྱི་གྲོགས་པོ་དང་མིག་དཔེ་བཟང་པོ་རྙེད་སྲིད། ཕ་མས་བྱིས་པར་དོ་དམ་བྱེད་པ་ཚད་ལས་བརྒལ་ནས་ཁྱིམ་དུ་ཕ་མ་དང་མཉམ་དུ་རྩེ་རུ་བཅུག་ནས་འདོད་བློ་བསྐང་མ་ཐུབ་ཚེ། བྱིས་པར་དགའ་ཕྱོགས་མེད་པའི་ཁར་མི་གཞན་དང་འབྲེལ་འདྲིས་བྱེད་རྒྱུར་སྐྲག་པ་རེད།

གཏམ་རྒྱུད་མང་པོ་བཤད་པ། ཕ་མས་བྱིས་པར་གཏམ་རྒྱུད་མང་པོ་བཤད་པ་དང་། བྱིས་པར་རང་གི་འཇོན་ནུས་ལྟར་གཏམ་རྒྱུད་བཤད་དུ་བཅུག་ནས་ངོ་ཚ་བའི་སྣང་ཚུལ་དང་རང་དུ་གྱེས་པར་འབད་དགོས།

སྐྱོན་བརྗོད་བྱེད་པ་ལས་བསམ་ཤེས་མང་དུ་སྒོམ་འོས། བྱིས་པར་ནོར་འཁྲུལ་འབྱུང་བ་ནི་གཡོལ་དུ་མེད་པ་ཞིག་ཡིན་པས། ཕ་མས་བསམ་ཤེས་བསྒོམས་ནས་བྱིས་པར་གནས་ལུགས་བཤད་པ་ལས་སྐྱོན་བརྗོད་བྱེད་མི་རུང་། བྱིས་པའི་བསམ་འཆར་ལ་དང་དོད་དང་བརྩི་བཀུར་བྱེད་པ་དང་བྱིས་པའི་རང་རློམ་བསམ་པ་ཇེ་མཐོར་བཏང་ནས་བྱ་བར་ལྟ་སྟངས་འཛིན་ཤེས་པར་བྱེད་དགོས། ཕ་མས་བྱིས་པའི་ལུས་སྟེང་གི་འཇོན་ནུས་ཤེས་རྗེས་བྱིས་པར་བསྟོད་པ་བྱས་ནས། བྱིས་པ་མུ་མཐུད་དུ་ཡ་རབས་སྤྱོད་བཟང་གི་ལམ་དུ་འཇུག་པར་སྐུལ་མ་གཏོང་དགོས། བྱིས་པར་སྐྱོན་བརྗོད་བྱེད་སྐབས་དང་། ལྷག་པར་ཁ་གྲགས་རྒྱུར་མི་དགའ་བའི་བྱིས་པར་སྐྱོན་བརྗོད་བྱེད་སྐབས། སྐད་ཆའི་བཀོལ་སྟངས་ཐད་ནས་བྱིས་པའི་རང་བཀུར་གྱི་བསམ་པར་བརྩི་བཀུར་བྱེད་དགོས།

བྱིས་པའི་རང་རྐྱ་འཕེར་བའི་ནུས་པ་སྦྱོང་བརྡར་བྱེད་དགོས། རྒྱུན་པར་བྱིས་པར་རང་གི་ནུས་པ་ལྟར་བསྒྲུབ་འདོད་པའི་ལས་ཀ་ལས་སུ་འཇུག་དགོས། བྱིས་པ་ནི་དྲི་བ་འདྲི་རྒྱུར་དགའ་བ་དང་། ལད་མོ་བྱེད་རྒྱུར་དགའ་བ། རོལ་རྩེད་རྩེ་རྒྱུར་དགའ་བ་ཞིག་ཡིན་པས་བྱིས་པར་རང་ཉིད་ཀྱི་བསམ་ཕྱོགས་ལྟར་བྱ་བ་བསྒྲུབ་ཏུ་བཅུག་ན། བྱིས་པའི་རང་རློམ་གྱི་བསམ་པ་ཇེ་བཟང་དུ་འགྲོ་ངེས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།