སེམས་ཁམས་རིག་པའི་ལངས་ཕྱོགས་ནས་བལྟས་ན།“ངོ་པགས་མཐུག་པ”ནི་སེམས་ཁམས་ཀྱི་ཐེག་ནུས་ཆེ་ཞིང་ཕྱི་རོལ་ཏུ་འཕྲོད་མཐུན་ཡོང་ཚད་མཐོ་བའི་རྟགས་ཤིག་རེད།ལྷན་སྐྱེས་ཀྱིས་ཚོར་བ་སྐྱེན་པ་དང་ངོ་པགས་སྲབ་པ།མནོ་བསམ་གཏོང་རྒྱུ་མང་དྲགས་པ་བཅས་ནི་བུད་མེད་ཀྱི་མི་སྒེར་འཕེལ་རྒྱས་དང་མིའི་བར་གྱི་འབྲེལ་བར་གནོད་པའི་བྱ་སྤྱོད་ཅིག་རེད།
བྱ་བ་གང་ཞིག་ལེགས་འགྲུབ་འབྱུང་དགོས་ན“སྤོབས་པ་ཆེ་བ་དང་སེམས་ཞིབ་པ།ངོ་པགས་མཐུག་པ”བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་གསུམ་འཛོམས་དགོས་ཏེ། འཛམ་གླིང་ལ་ཁ་གཏོད་པའི་སྤོབས་པ་དང་།གནད་དོན་ཕྲ་མོ་མཐོང་བའི་ཞིབ་ཚགས། དཀའ་ཁག་ལ་མི་སྐྲག་པ་དང་ཕམ་ཁར་མི་འཛེམ་པའི་ངོ་པགས་མཐུག་པོ་བཅས་འཛོམས་ན།རྒྱལ་ཁ་ཐོབ་པའི་ཚད་སྤྱིར་བཏང་གི་མི་ལས་མཐོ་བ་རེད།
ཁ་ངོར་འཛེམ་པ་དང་རང་བརྩི་ཆེ་བ།སེམས་ཁམས་ཀྱི་ཐེག་ནུས་ཞན་པ།ངོ་ཚ་ཐེབས་པར་སྐྲག་པ།མནོ་བསམ་གཏོང་རྒྱུ་མང་དྲགས་པ།ཀུ་རེ་རྩེད་མི་ཤེས་པ་སོགས་རང་གཅུན་སེམས་ཁམས་ཀྱིས་བྱ་བ་མང་པོ་ཞིག་མ་བསྒྲུབ་གོང་ནས་ཕམ་པར་བརྒྱབ་པ་དང་།དེ་ལས་གཞན་ད་རུང་མིའི་བར་གྱི་འབྲེལ་བའི་ཁྲོད་དགོས་མེད་ཀྱི་སྡུག་བསྔལ་མང་པོ་བྱུང་སྟེ་སྐྱིད་སྣང་ཇེ་དམའ་རུ་བཏང་བ་རེད།
ངོ་པགས་མཐུག་དགོས་ན་ཐོག་མར་རང་ཉིད་ལ་གདེང་འཇོག་མི་ལེགས་པ་བྱེད་མཚམས་འཇོག་དགོས་པ་དང་།རང་ཉིད་ལ་གདེང་འཇོག་མི་ལེགས་པ་བྱེད་མཚམས་འཇོག་པར་ཐབས་ལམ་གསུམ་ཡོད་དེ།རང་ཉིད་ཀྱི་ཞན་ཆ་ཁས་ལེན་པ་དང་།རང་ཉིད་ཀྱི་ཞན་ཆ་ཡོ་བསྲང་བྱེད་པར་འབད་པ།རང་ཉིད་ཀྱི་ཞན་ཆར་སྣང་འཇོག་ཆེན་པོ་མི་བྱེད་པ་བཅས་རེད།
ཁྱེད་ཀྱིས་རང་ཉིད་ལ་ཞན་ཆ་འདི་དང་གན་ལྟ་བུ་ཡོད་པ་ཤེས་རྗེས།སློབ་སྦྱོང་བྱེད་པ་བརྒྱུད་དེ་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་།རང་ཉིད་ཕྱི་རོལ་གྱི་ཁོར་ཡུག་དང་འཕྲོད་མཐུན་ཡོང་བའི་ཚད་ཇེ་དྲག་ཏུ་གཏོང་དགོས།དེ་ནི་ཁྱེད་རང་སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་མི་ཤེས་པས་སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་སྟངས་སློབ་པ་དང་།ཁ་བརྡ་བྱེད་མི་ཤེས་པས་ཁ་བརྡ་བྱེད་སྟངས་སློབ་པ་དང་གཅིག་མཚུངས་རེད།རང་ཉིད་ཀྱི་ཞན་ཆར་རྒྱུས་ལོན་བྱུང་རྗེས།སེམས་སུ་གདེང་ཚོད་ངེས་ཅན་ཞིག་ཡོད་ངེས་པས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་ཅི་བསམ་དེ་འགྲུབ་ཡོང་སླ་བའོ། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
“ངོ་པགས་མཐུག”པའི་མི་ཡི་སྐྱིད་སྣང་མཐོ།