ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པས་ཁར་མི་ཉན་པའི་སྐབས་སུ་ཇི་ལྟར་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྒྲིག་ལམ་འཛུགས་དགོས། སྐབས་རེར་བྱིས་པ་ཚོས་ཁར་མི་ཉན་པ་དང་། ཁྱིམ་བདག་དང་མཉམ་སྡེབ་བྱེད་མི་འདོད་པའི་སྣང་ཚུལ་ཐོན་གྱིན་ཡོད། དེ་ནི་བྱིས་པ་ཚོས་བྱ་བྱེད་སྤྱོད་ལུགས་བརྗེད་པའམ་རྒྱུས་ལོན་མ་བྱུང་བའི་རྟགས་རེད། སྐབས་དེར། ཁྱིམ་བདག་གིས་བྱིས་པར་གསལ་འདེབས་བྱས་ཏེ་ཚོར་མྱོང་དང་རྒྱུས་ལོན་བྱེད་དུ་འཇུག་དགོས། ཁྱིམ་བདག་གིས་སྐད་ཆའི་བཤད་སྟངས་དང་ཉམས་འགྱུར་ལ་དོ་སྣང་བྱེད་པ་ལས་གཞན། རྣམ་འགྱུར་བརྟན་པོ་དང་སྐད་ངག་འཇམ་པོའི་སྒོ་ནས་བྱིས་པར་གསལ་བཤད་དང་རེ་བ་འདོན་དགོས། ཁྱིམ་བདག་གིས་དུས་དང་རྣམ་པ་ཀུན་ཏུ་མི་མང་འདུ་ས་རུ་སྐད་དམའ་མོས་བཤད་ན་ཉེ་འགྲམ་གྱི་མི་ལ་བར་ཆད་མི་བཟོ་བར་མ་ཟད། ད་དུང་བྱིས་པས་དང་ལེན་བྱེད་པར་རོགས་བྱེད་ཐུབ། ཁྱིམ་བདག་གིས་བྱིས་པར་སྒྲིག་ལམ་འགྲེལ་བཤད་བྱེད་པའི་སྐབས་སུ། སྔོན་ལ་བྱིས་པས་ཁར་ཉན་པའི་གདེང་ཚོད་ཡོད་དགོས། དཔེར་ན། ཁྱོད་ལ་ཐེངས་ག་ཚོད་བཤད་ན་ད་གཟོད་ཁར་ཉན་པ་རེད་ལྟ་བུའི་སྐད་ཆ་བཤད་མི་རུང་། འདི་ལྟ་བུའི་སྐད་ཆས་བྱིས་པ་སྔར་བས་ཨུ་ཚུགས་ཅན་དུ་འགྱུར་འགྲོ་བ་རེད།

མིག་དཔེ་འདོན་དགོས། ན་ཚོད་ཆུང་བའི་བྱིས་པས་བཀའ་རྒྱ་དང་སྒྲིག་ལམ་ཤེས་ཀྱིན་ཡོད་ནའང་། ཇི་ལྟར་བྱེད་དགོས་པའི་སྐོར་ནས་ཐག་གཅོད་བྱེད་དཀའ་བ་རེད། བྱིས་པས་འགུལ་སྐྱོད་མི་བྱེད་པའམ་ཡང་ན་འགྲོ་ལུགས་དང་ལེན་མི་བྱེད་པའི་སྐབས་སུ། ཁྱིམ་བདག་གི་སེམས་སུ་བྱིས་པས་ཁར་མི་ཉན་པར་འདོད་ཀྱིན་ཡོད། དེའི་ཕྱིར། བྱིས་པར་འགུལ་སྐྱོད་ཀྱི་འགྲོ་ལུགས་ཤེས་སུ་འཇུག་པའི་དུས་མཚུངས་སུ་བྱིས་པར་ཇི་ལྟར་སྒྲུབ་པའི་སྐོར་ནས་མཛུབ་སྟོན་གནང་དགོས།

གཟབ་ནན་གྱིས་ཁ་བརྡ་བྱེད་དགོས། བྱིས་པས་ཁར་མི་ཉན་པའི་སྐབས་སུ། ཁྱིམ་བདག་གིས་གཤེ་གཤེ་གཏོང་བའམ་ཉེས་ཆད་གཅོད་པའི་རྣམ་པ་སྤྱད་ནས་ཐག་གཅོད་བྱེད་དགོས། རྒྱུན་པར་རང་སྣང་གིས་ཁོང་ཁྲོ་ལངས་པ་དང་། ངར་ལངས་པ། ངལ་དུབ་ཀྱིས་ཁེངས་ཤིང་། སུན་སྣང་གི་སྒོ་ནས་ཐག་གཅོད་བྱེད་སྐབས་ཕྲུ་གུ་རྣམས་འཇིགས་སྣང་སྐྱེ་བ་དང་། བློ་སྟོབས་འགོག་གནོན་བྱེད་པར་བརྟེན། ཁྱིམ་བདག་གིས་གནས་ལུགས་དང་མི་མཐུན་པའི་སྟོང་བཤད་བྱས་ན་དང་ལེན་བྱེད་དཀའ་ཞིང་། རང་གི་བྱ་སྤྱོད་ངན་པར་རང་སྐྱོན་རང་བརྟག་བྱེད་དཀའ་བས། བྱིས་པའི་ཚུལ་མིན་གྱི་བྱ་སྤྱོད་ཡོ་བསྲང་བྱེད་དཀའ་བ་རེད།

སྐབས་དེར། ཁྱིམ་བདག་གིས་བྱིས་པར་གཟབ་ནན་གྱི་སྒོ་ནས་ཁ་བརྡ་བྱེད་དགོས་པ་སྟེ། དཔེར་ན། སྔོན་ལ་བྱིས་པའི་འགུལ་སྟངས་སམ་མི་ལེགས་པའི་བྱ་སྤྱོད་གནས་སྐབས་སུ་མཚམས་འཇོག་ཏུ་བཅུག་རྗེས། ད་གཟོད་ལྷོད་ལ་བབས་ནས་གཟབ་ནན་གྱིས་ཁ་བརྡ་བྱེད་ཞོར་གཤེ་གཤེ་གཏོང་བའམ་ཆད་གཅོད་བྱས་ན། བྱིས་པས་རང་ཉིད་ཀྱི་བྱ་སྤྱོད་ལ་བསམ་གཞིག་བྱེད་པའི་བློ་སྒོ་འབྱེད་ཐུབ།

ངང་རྒྱུད་རིང་པོས་ཡོ་བསྲང་བྱེད་དགོས། བྱིས་པས་ཁར་མི་ཉན་པའི་རྒྱུ་རྐྱེན་ནི་སྐབས་འགར་ཁྱིམ་བདག་གིས་སློབ་གསོ་གཏོང་སྟངས་མ་འགྲིག་པས་ཡིན་ལ། དེ་ལྟར་དུས་ཡུན་རིང་པོ་ཕྱིན་པས་ན་བྱིས་པར་བྱ་སྤྱོད་མི་ལེགས་པ་གོམས་པ་རེད། དཔེར་ན། ཕ་མ་ཁ་ཤས་ཀྱིས་བྱིས་པ་ཆུང་བས་རང་རློམ་ཆེ་བ་དང་། གང་བྱུང་མང་བྱུང་བྱེད་པ། ཁར་མི་ཉན་པ་བཅས་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པས། ནར་སོན་ན་ཇེ་བཟང་དུ་འགྲོ་བའམ་ཁ་ལ་ཉན་སྲིད་པར་འདོད་ཀྱིན་ཡོད། བྱིས་པའི་བྱ་སྤྱོད་ནི་གསོག་འཇོག་བྱས་ནས་བྱུང་བ་ཡིན་ལ། བྱ་སྤྱོད་བཟང་པོའི་རིགས་གསོག་འཇོག་བྱེད་པ་ནི་གོམས་གཤིས་བཟང་པོ་དང་ཀུན་སྤྱོད་བཟང་པོར་འགྱུར་ངེས་ཡིན་ལ།དེ་ལས་ལྡོག་ན་ཀུན་སྤྱོད་ངན་པར་འགྱུར་འགྲོ། སྤྱོད་པ་བཟང་པོ་དང་སློབ་གསོ་གཏོང་བ་གཉིས་ནི་ཡུན་རིང་པོར་འཛིན་དགོས་པ་ཞིག་ཡིན་ལ། ཁར་མི་ཉན་པའི་བྱ་སྤྱོད་ཀྱང་དུས་ཡུན་རིང་པོར་སློབ་གསོ་བཏང་ནས་ཡོ་བསྲང་བྱེད་དགོས་པ་ཞིག་ཡིན།

མཉམ་དུ་སློབ་གསོ་གཏོང་བ། བྱིས་པར་སྤྱི་ཚོགས་ཀྱི་འདུ་ཤེས་དང་གཟི་བརྗིད་ཀྱི་བསམ་པ། རང་བརྩིའི་བསམ་པ་བཅས་ཡོད་པས། ཁྱིམ་བདག་གིས་བུ་བཅོལ་ཁང་དང་གྲོགས་པོ་ཆུང་ཆུང་ཡོད་ས་རུ་གཞན་གྱི་ལྟ་ཚུལ་སེམས་སུ་བཅངས་ནས་མི་ལེགས་པའི་བྱ་སྤྱོད་ཡོ་བསྲང་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།