ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་སྲོག་ནི་དཀར་ཡོལ་ཞིག་དང་མཚུངས་པས་གཅེས་སྤྲས་ཡག་པོ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་འགའི་སྔོན་ལ་སྨན་ཁང་དུ་སོང་ནས་ལུས་ཕུང་བརྟག་བཤེར་བྱས་པ་ན།ལུས་བཤེར་གྱི་མཇུག་འབྲས་མི་ལེགས་པ་འགའ་རེ་མངོན་བྱུང་།ཞིབ་ཏུ་བསམ་བློ་ཞིག་བཏང་བ་ན།ཉེ་བའི་དུས་ཡུན་འདིའི་ནང་དུ་ལུས་པོར་ཡང་མི་བདེ་བའི་ཚོར་སྣང་མང་པོ་བྱུང་ཞིང་།དེ་ནི་སེམས་དོན་ཆུང་ཆུང་འགའ་ཡིས་མནར་ཏེ་རང་ཉིད་དུས་ཡུན་རིང་པོར་ཡི་མུག་པའི་གནས་བབ་ཏུ་ལྷུང་བས་རེད། སྔོན་ཆད་ངས་ཐེངས་མང་པོར་གཞན་ལ་སེམས་གསོ་བྱས་མྱོང་མོད།འོན་ཀྱང་རང་སྟེང་དུ་བབས་ན་དེ་ནི་ཧ་ཅང་དཀའ་མོ་ཞིག་རེད།སེམས་དོན་གྱིས་མནར་བའི་ཉི་མ་འདི་དག་ལ་རང་ཉིད་ཀྱི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས།ལུས་པོས་ཉེན་བརྡ་ཡང་ཡང་བཏང་མོད།འོན་ཀྱང་རང་སེམས་ནས་བློས་མ་ཐོངས་པའི་དབང་གིས། ཉིན་མོར་སེམས་ཁམས་མི་སྐྱིད་པ་དང་དགོང་མོར་གཉིད་མི་ཡོང་བར་མ་ཟད།དབུགས་འབྱིན་རྔུབ་བྱེད་དཀའ་བ་དང་བྲང་ཁོག་ན་བ་སོགས་ཀྱི་ནད་རྟགས་རྣམ་པ་སྣ་ཚོགས་བྱུང་།

ལོ་ན་གཞོན་དུས་རང་ཉིད་ཀྱིས་ཀྱང་ནད་ཁང་དུ་བྱ་བ་གཉེར་མྱོང་བས།རྒྱུན་དུ་འབྲས་སྐྲན་གྱི་ནད་པ་དག་ལ“ཚེ་སྲོག་ནི་དཀར་ཡོལ་དང་མཚུངས་པས།མིག་ལ་མཛེས་ཤིང་ཆག་སྐྱོན་འབྱུང་སླ་བ་རེད།དེ་ལ་གཅེས་སྤྲས་ཡག་པོ་བྱས་ན།ད་གཟོད་མཛེས་པའི་རྒྱུན་བསྲིང་ཐུབ་པ་དང་།དེ་ལས་ལྡོག་སྟེ་གཅེས་སྤྲས་མ་ལེགས་ན།སྐར་གང་གི་རིན་ཐང་ཡང་མི་ལྡན”ཞེས་ཁ་ཏ་སློབ་གསོ་མང་པོ་བཏང་ནས་ནད་པ་རྣམས་ལ་བདེ་ཐང་དང་བདེ་བ་སྦྱིན་ཅི་ཐུབ་བྱས་པ་ཡིན།དེང་སྐབས་རང་ཉིད་ཀྱི་སྟེང་དུ་བབས་ན་ལོ་ན་གཞོན་དུས་ནས་རྟོགས་པའི་གནས་ལུགས་དེ་དག་གི་ནུས་པ་འདོན་མི་ཐུབ་པ་ཅི་ཡིན་ནམ་སྙམ་ནས་རང་ཉིད་ལ་ཡང་ཡང་འདྲི་དགོས་བྱུང་།

མི་སྐྱིད་པ་ཡོངས་རྫོགས་དང་དུ་བླངས་ཤིང་འདས་ཟིན་པའི་དོན་དག་ལ་ཞི་འཇམ་ངང་གདོང་གཏོད་པ་དང་།ནང་སེམས་ལྷོད་ལ་བབས་ཏེ་འགྲིག་མིན་དང་ཐོབ་ཤོར་ཡོད་ཚད་ལ་དོ་སྣང་མི་བྱེད་པར།ཞི་དུལ་བག་ཡངས་ཀྱིས་གནས་པ་དང་།ཉིན་མ་རེ་རེ་འཛུམ་གྱིས་བསུས་ཏེ་བདེ་ཐང་དང་སྤྲོ་སྣང་གིས་བསྐྱལ་ཐུབ་ན།ང་ཚོའི་ཚེ་སྲོག་ནི་དཀར་ཡོལ་ཞིག་མཚུངས་པར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོང་ངེས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།