ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དངོས་ཡོད་དོན་སྙིང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་ཀྱིས་མི་དང་རང་བྱུང་། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་ཕྱི་རོལ་ཆོས་ཉིད་ལྟར་བླངས་པའི་དངོས་པོ་དང་བསམ་པའི་གྲུབ་འབྲས་ཀྱི་ཕྱོགས་བསྡོམས་ཡིན་པ་དང་།མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་མཐུན་སྦྱོར་དང་རྒྱུན་སྐྱོང་ཐུབ་པའི་ངང་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་བྱེད་པའི་ལོ་རྒྱུས་ཀྱི་དགོས་ངེས་གདམ་གསེས་ཡིན།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་དུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “མི་དང་རང་བྱུང་ནི་ཚེ་སྲོག་གི་ཕུང་པོ་གཅིག་ཡིན་ལ། མིའི་རིགས་ཀྱིས་ངེས་པར་རང་བྱུང་ལ་བརྩི་བཀུར་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོབ་བྱ་དགོས། ང་ཚོས་འཛུགས་སྐྲུན་བྱ་དགོས་པའི་དེང་རབས་ཅན་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་འཚོ་བྱེད་པའི་དེང་རབས་ཅན་ཡིན།”སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དགོས་ངེས་བླང་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི‘གནས་ལྔ་གཞི་གཅིག’གི་སྤྱིའི་བཀོད་ཇུས་ཁྲོད་ཀྱི་གཅིག་ཡིན་ལ། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱ་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གཞི་རྩའི་ཇུས་གཞི་ཞིག་དང་། ལྗང་མདོག་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད་ཀྱི་འདུ་ཤེས་ཆེན་མོ་ཞིག སྦགས་བཙོག་འགོག་བཅོས་ནི་འགག་སྒྲོལ་འཐབ་འཛིང་ཆེན་མོ་གསུམ་ཁྲོད་ཀྱི་འགག་སྒྲོལ་འཐབ་འཛིང་ཆེན་མོ་ཞིག་ཡིན།” “གཅིག་ཅན་བཞི”ཡིས་ང་ཚོའི་ཏང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆོས་ཉིད་ཁོང་དུ་ཆུད་པ་མཚོན་ཡོད་ལ། དུས་རབས་གསར་པའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་གནས་མངོན་ཡོད་པ་དང་། ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་དང་བླང་བྱ་མངོན་ཡོད་པས་།དེ་ནི་ཀྲུང་ཧྭ་མི་རིགས་གཏན་དུ་འཕེལ་རྒྱས་འབྱུང་བའི་རྩ་བའི་ཇུས་ཆེན་ཡིན།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་རྨང་གཞི་བརྟན་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “མི་ནི་རང་བྱུང་ལ་བརྟེན་ནས་སྐྱེས་ཤིང་། མི་དང་རང་བྱུང་ནི་མཉམ་འཚོའི་འབྲེལ་བ་ཞིག་ཡིན།” སྐྱེ་ཁམས་ནི་གཅིག་གྱུར་གྱི་རང་བྱུང་མ་ལག་ཅིག་ཡིན་ལ། རང་བྱུང་གི་གྲུབ་རྒྱུ་སྣ་ཚོགས་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྒོ་ནས་འཁོར་སྐྱོད་མངོན་འགྱུར་བྱུང་བའི་རང་བྱུང་གི་ཕྲེང་ཐག་ལྟ་བུ་ཡིན། མི་དང་རང་བྱུང་གི་གཅིག་འདུས་ཚེ་སྲོག་ཕུང་པོ་ནི་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བའི་ནང་དོན་གལ་ཆེན་ཞིག་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་གཏན་དུ་འཕེལ་རྒྱས་འབྱུང་བའི་རྩ་བའི་ཇུས་ཆེན་དང་འབྲེལ་ཡོད་པར་མ་ཟད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་རྨང་གཞི་བརྟན་པོ་ཡིན། ཀྲུང་གོས་ཧུར་ཐག་གིས་བསྒྲུབ་འོས་པའི་རྒྱལ་སྤྱིའི་འོས་འགན་ཕྲག་ཏུ་ཁུར་བ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་སྐྱེ་ཁམས་དཔལ་ཡོན་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ལག་གདང་མཉམ་འབྲེལ་སྒོས་སྐྱེ་ཁམས་ལེགས་པའི་སའི་གོ་ལའི་མཛེས་སྡུག་ཁྱིམ་གཞིས་མཉམ་དུ་བསྐྲུན།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མི་དམངས་ཀྱི་དགའ་སྐྱིད་འཚོ་བ་མངོན་འགྱུར་འབྱུང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་ཡོད་ལ། མི་རིགས་ཀྱི་མ་འོངས་པར་ཡང་འབྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་འཛུགས་སྐྲུན་བྱ་དགོས་པའི་དེང་རབས་ཅན་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་འཚོའི་དེང་རབས་ཅན་ཡིན་ལ། སྔར་ལས་མང་བའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་བསྐྲུན་ཏེ།མི་དམངས་ཀྱི་ཉིན་རེར་ཇེ་མང་དུ་འགྱུར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་དགོས་ལ། སྔར་ལས་མང་བའི་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱས་ཏེ་མི་དམངས་ཀྱི་ཉིན་རེར་ཇེ་མང་དུ་འགྱུར་བཞིན་པའི་སྐྱེ་ཁམས་དཔལ་ཡོན་ལེགས་པོའི་དགོས་མཁོ་བསྐང་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་མགོ་རྩོམ་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལེགས་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་སྔར་ལས་མངོན་གསལ་གྱི་གོ་གནས་སུ་འཇོག་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་མཐར་ཕྱིན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ན། ད་གཟོད་མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་སྔར་ལས་ཡག་པོ་བསྐང་ཐུབ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།