ཀྲུང་གོ་བོད་ཀྱི་དྲ་བ།

སྐྱི་པགས་རྒས་པར་བྱེད་པའི་གོམས་གཤིས་ངན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཚོ་བའི་ཁྲོད་ཀྱི་གོམས་གཤིས་ངན་པ་ཁ་ཤས་ཀྱིས་བདེ་ཐང་གི་སྐྱི་པགས་ལ་གནོད་འཚེ་གཏོང་བར་མ་ཟད།གདོང་ལ་གཉེར་མས་ཁེབས་པར་བྱེད་སྲིད།དེ་བས་ང་ཚོས་སྐྱི་པགས་ལ་སྲུང་སྐྱོབ་བྱེད་འདོད་ན།ངེས་པར་དུ་གཤམ་གྱི་བྱ་སྤྱོད་མི་ལེགས་པ་འདི་དག་བསྒྱུར་དགོས་པ་སྟེ།

གཅིག རྒྱུན་དུ་མིག་འཕུར་བ། མིག་གི་མཐའ་འཁོར་གྱི་སྐྱི་པགས་ནི་ཧ་ཅང་གཉོམ་ཞན་ཡིན་པས་གནོད་འཚེ་ཤིན་ཏུ་ཐེབས་སླ།རྒྱུན་དུ་མིག་ཕུར་ན་མིག་མཐའི་སྐྱི་པགས་རྒྱོང་འཐེན་བྱེད་པ་དང་།གདོད་སྤྱིན་སྤྲི་དཀར(胶原蛋白)དང་ལྡེམ་ཤུགས་སྤྲི་དཀར(弹性蛋白)དབྱེ་འབྱེད་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ།གདོང་ལ་སྔ་མོ་ནས་གཉེར་མས་ཁེབས་པར་བྱེད་སྲིད།

གཉིས། དངོས་པོར་ལྟ་སྐབས་མིག་ཟིམ་ཟིམ་གྱིས་བལྟ་བ། ཉི་མ་དང་ལག་ཁྱེར་ཁ་པར།བརྙན་འཕྲིན།གློག་ཀླད་སོགས་ཀྱི་འོད་ཆེ་བའི་དངོས་པོར་ལྟ་སྐབས།མིག་མཐའི་སྐྱི་པགས་གཅིག་ཏུ་བསྡུས་ཏེ་མིག་ཟིམ་ཟིམ་གྱིས་བལྟས་ན་མིག་མཐར་གཉེར་མ་འབྱུང་སླ་བས།འོད་ཆེ་བའི་དངོས་པོར་ལྟ་སྐབས་མིག་ཤེལ་གྱོན་ནས་འོད་ཀྱི་གནོད་འཚེ་འགོག་དགོས།

གསུམ། ཡིབ་རྣམ་མིག་ཤེལ་གྱོན་པ། ཡིབ་རྣམ་མིག་ཤེལ(隐形眼镜)གྱིས་མིག་མཐའི་སྐྱི་པགས་ལ་གནོད་འཚེ་མི་ཐེབས་མོད།འོན་ཀྱང་མིག་ནང་དུ་འཇོག་པའི་སྐབས་སུ་སྨིན་མ་གཅིག་ཏུ་བསྡུ་དགོས་པས།མིག་ཟིམ་ཟིམ་གྱིས་ལྟ་བ་དང་འདྲ་བར་ཐོད་པར་གཉེར་མ་ཡོང་བ་རེད།

བཞི། གཉིད་ཆག་པ། སྐྱི་པགས་ཀྱིས་གཉིད་པའི་སྐབས་དང་བསྟུན་ནས་རང་ཉིད་ཉམས་གསོ་དང་གསར་སྒྱུར་བྱེད་ཀྱིན་ཡོད།གཉིད་ཆག་ན་རང་སྟེང་གི་ཉམས་གསོ་དང་གསར་སྒྱུར་བྱེད་མི་ཐུབ་པས།ངོ་མདངས་མི་ལེགས་པ་དང་མིག་མཐའི་སྐྱི་པགས་ཐུར་དུ་འཕྱང་བར་མ་ཟད།མིག་མཐའ་ནག་པོར་འགྱུར་བ་རེད།

ལྔ། དུས་ཡུན་རིང་པོར་མགོ་བོ་བསྒུར་ཏེ་ཁ་པར་ལ་བལྟ་བ། ཉིན་རེར་མགོ་བོ་བསྒུར་ཏེ་ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་ལ་བལྟས་ནས་ཡུན་རིང་འགོར་ན།མཇིང་བ་ཡུན་རིང་དུ་འཁྱོགས་ནས་འདུག་དགོས་པས།མཇིང་བར་གཉེར་མ་ཡོང་སླ་བ་རེད།

དྲུག ཁ་སྦུབ་ཏུ་ཉལ་བ། ཁ་སྦུབ་ཏུ་ཉལ་ན་ངོ་གདོང་སྔས་མགོའི་སྟེང་དུ་འཇོག་དགོས་པས།ཡུན་རིང་འགོར་ན་གདོང་ལ་གཉེར་མ་འབབ་པ་དང་།ཁ་སྦུབ་ཏུ་ཉལ་ན་ད་རུང་མིག་མཐའ་སྐྲང་བ་རེད།གན་རྐྱལ་དུ་ཉལ་ནས་མགོ་བོ་ཅུང་མཐོ་རུ་འདེགས་པ་ནི་བདེ་ཐང་གི་གཉིད་སྟངས་ཆེས་ལེགས་པོ་ཡིན།

བདུན། ཐང་ཆུ་བལྡད་པ། རྒྱུན་དུ་ཐང་ཆུ་བལྡད་ན་ངོ་གདོང་གི་ཤ་གནད་འགུལ་སྐྱོད་བྱེད་ཚད་ཚད་ལས་བརྒལ་འགྲོ་བས།གདོད་སྤྱིན་སྤྲི་དཀར་དབྱེ་འབྱེད་བྱེད་ཚད་ཇེ་མགྱོགས་སུ་འགྲོ་བ་དང་།སྐྱི་པགས་ལ་ལྡེམ་ཤུགས་མེད་ལ།ངོ་གདོང་དང་ཁ་འགྲམ་སོགས་སུ་གཉེར་མ་ཡོང་སླ་བ་རེད།

བརྒྱད། ཐ་མག་འཐེན་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལྟར་ན།ལོ་རེར་མི་ཁྲི400ལྷག་མཁའ་དབུགས་མི་གཙང་བའི་གནོད་འཚེ་དབང་གིས་ཤི་བ་རེད།རྒྱུན་དུ་ཐ་མག་གི་དུ་ཞག་དང་རླངས་འཁོར་གྱི་མཇུག་རླངས་ཁྲོད་དུ་བསྡད་ན།སྐྱི་པགས་ལ་གནོད་འཚེ་ཆེན་པོ་ཐེབས་ཏེ།སྐྱི་པགས་སྔ་མོ་ནས་རྒས་སླ་བ་རེད།

དེ་ལས་གཞན་ད་རུང་དབྱིན་ཇིའི་ཆེས་གསར་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཐ་མག་མང་དུ་འཐེན་ན་རྒས་སླ་བ་ནི་ཐ་མག་གི་ཉེས་དམིགས་མང་པོའི་ཁྲོད་ཀྱི་གཅིག་རེད།

ཐ་མག་མང་པོ་འཐེན་ན་མིའི་ལུས་ཕུང་ལ་གནོད་འཚེ་ག་འདྲ་ཐེབས་པར་ཞིབ་འཇུག་བྱེད་ཆེད།དབྱིན་ཇིའི་པུའུ་ལི་སི་ཐོར་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་དབྱིན་ཇིའི་སྐྱེ་དངོས་གསོ་བ་རིག་པའི་མཛོད་ཀྱི་བདེ་ཐང་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་ལྟར་ན།གློ་བའི་བྱེད་ནུས་ཇེ་ཞན་དུ་འགྲོ་བ་དང་དལ་གཤིས་ཐོགས་འགག་གློ་ནད་འབྱུང་བ།སྐྱི་པགས་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་སོགས་ཀུན་གྱིས་ཤེས་པའི་གནོད་འཚེ་ལས་གཞན་ད་རུང་ཐ་མག་མང་དུ་འཐེན་ན་མིའི་ངོ་གདོང་གི་རྒས་ཚད་ཇེ་མགྱོགས་སུ་བཏང་སྟེ།བལྟས་ཚོད་ཀྱིས་དོན་དངོས་ཀྱི་ན་ཚོད་ལས་ཆེ་བའི་སྣང་བ་སྟེར་བ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།