ཀྲུང་གོ་བོད་ཀྱི་དྲ་བ།

ཐང་ཆེན་ཞབས་བྲོ་འཁྲབ་དུས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        རྔུལ་ཆུ་མང་པོ་ཐོན་དུ་འཇུག་མི་རུང་། ཐང་ཆེན་ཞབས་བྲོས་བདེ་ཐང་ཐད་ནུས་པ་ཐོན་མིན་ལ་ང་ཚོ་ཐེ་ཚོམ་གང་ཡང་སྐྱེ་མི་དགོས་མོད། འོན་ཀྱང་མི་ལ་ལས་ཐང་ཆེན་ཞབས་བྲོ་འཁྲབ་སྟེ་ལུས་ནས་རྔུལ་ཆུ་མང་པོ་བཞུར་ན་ད་གཟོད་ལུས་པོ་བདེ་ཐང་ལ་ཕན་པར་འདོད་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་རེད། ཐང་ཆེན་ཞབས་བྲོ་ནི་དབྱངས་འགྲོས་དང་ལྡན་པའི་རྩེད་རིགས་ཤིག་ཡིན་ལ། ཞབས་བྲོ་འཁྲབ་པའི་སྐབས་སུ་འཁྲབ་མཁན་རྣམས་ཀྱིས་རྒྱུན་ལྡན་ལྟར་ཕན་ཚུན་ལབ་གླེང་དང་འབྲེལ་འདྲིས་བྱས་ཏེ་ལུས་ནས་རྔུལ་ཆུ་ཐོན་པ་ཙམ་དུ་འབད་པས་ཆོག གལ་ཏེ་ཞབས་བྲོ་འཁྲབ་རྗེས་ལུས་ནས་རྔུལ་ཆུ་མང་པོ་ཐོན་ན་ཆམ་ནད་ཕོག་སླ་བར་མ་ཟད། ད་དུང་ཁྲག་གི་འདུས་ཚད་ཇེ་ཉུང་དུ་འགྲོ་བ་དང་ཁྲག་རྒྱུན་འབྱར་བག་ཅན་དུ་གྱུར་ནས་ཀླད་པ་དང་ཁྲག་རྩའི་ནད་འབྱུང་བར་ཉེན་ཁ་ཆེ། དེའི་ཕྱིར་ཐང་ཆེན་ཞབས་བྲོ་འཁྲབ་དུས་རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལྟར་ཞབས་བྲོ་གདམ་གསེས་བྱེད་པ་ལས་དམིགས་མེད་དུ་གཞན་རྗེས་འབྲངས་ན་ལུས་པོའི་བདེ་ཐང་ལ་གནོད་པར་མ་ཟད། ད་དུང་ལུས་པོར་རྨས་སྐྱོན་ཕོག་ཉེན་ཆེ། ལྷག་པར་དུ་རྒན་པ་རྣམས་ཀྱིས་ཐང་ཆེན་ཞབས་བྲོ་མ་འཁྲབ་པའི་སྔོན་ལ་རང་ཉིད་ཀྱི་ཁྲག་ཤེད་དང་ཁྲག་རྩར་བརྟག་དཔྱད་བཟང་པོ་བྱེད་དགོས། ཁྲག་རྩ་རྒྱུན་ལྡན་ཡིན་ནའང་། ལུས་པོའི་འགུལ་ཚད་མཐོ་བའི་ཞབས་བྲོའི་རིགས་ནི་དུས་ཚོད2ཡན་ལ་འཁྲབ་མི་རུང་།

ཞབས་བྲོ་འཁྲབ་ཚར་རྗེས་དལ་བའི་རང་བཞིན་གྱི་འགུལ་སྐྱོད་ལ་བརྟེན་ནས་ལུས་པོ་བདེ་ལ་འབབ་ཏུ་འཇུག་དགོས། ཞབས་བྲོ་འཁྲབ་ཚར་རྗེས་ཡང་དང་བསྐྱར་དུ་རྐྱོང་སྐུམ་གྱི་འགུལ་སྐྱོད་བྱེད་པའམ་ཡང་ན་རྐང་པ་དང་ལག་པར་འཕུར་མཉེད་བྱེད་དགོས།

ཉལ་ཁར་ཤུགས་དྲག་པའི་འགུལ་སྐྱོད་བྱེད་མི་རུང་། དགོང་མོ་སྔ་མོ་ནས་ཉལ་བར་གོམས་དགོས། གལ་ཏེ་ཁྱོད་རང་དགོང་མོ་སྔ་མོ་ནས་ཉལ་བར་གོམས་པའི་རྒན་པ་ཞིག་ཡིན་ཚེ། ཞོགས་པའི་དུས་སུ་ཐང་ཆེན་ཞབས་བྲོ་འཁྲབ་ན་ལུས་པོར་སྟོབས་ཤུགས་ལྡན་པ་རེད།

ཟ་མ་ཟོས་རྗེས་མྱུར་མོར་ཞབས་བྲོ་འཁྲབ་མི་རུང་། དེང་གི་མི་མང་པོ་ཞིག་ཟ་མ་བསྟེན་རྗེས་མྱུར་མོར་ཕྱི་རོལ་ཏུ་སོང་ནས་ལུས་སྦྱོང་བྱེད་པའམ་ཞབས་བྲོ་འཁྲབ་པ་རེད་ལ། གོམས་སྲོལ་འདི་ནི་ནོར་འཁྲུལ་ཞིག་རེད། ཁོག་སྟོང་དུ་ཞབས་བྲོ་འཁྲབ་མི་རུང་ལ་ཟ་མ་ཟོས་ནས་སྐར་མ30འགོར་རྗེས་ད་གཟོད་ཡུན་གྱིས་ལུས་སྦྱོང་ནང་ཞུགས་ན་ལེགས།

ཕྱི་རྟིང་དམའ་བའི་ལྷམ་དང་དོར་མ་དོག་མོ་གྱོན་མི་རུང་། ཕྱི་རྟིང་དམའ་བའི་ལྷམ་རིགས་ལ་ལྡེམ་ཤུགས་མེད་པས་རྐང་པ་དང་རུས་ཚིགས་ལ་རྨས་ཕོག་པའི་ཉེན་ཁ་ཡོད། རྔུལ་ཆུ་འབྱིན་ཐུབ་པ་དང་རྒྱུ་ཆ་བལ་ལས་བྱས་ཤིང་ཁ་ཞེང་ཆེ་བའི་རིགས་ཀྱི་རྐང་སྣམ་གྱོན་ན་ལུས་པོ་བདེ་མོ་ཡོང་བ་ཡིན་ལ། གཞན་ཡང་འགུལ་སྐྱོད་ལ་ཆེད་དུ་སྤྱོད་པའི་ལྷམ་གྱོན་པར་གོམས་དགོས། །  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།