ཉིན་གུང་གཉིད་པའི་དགེ་མཚན་ཆེན་པོ་བཞི།

857d4531ad3a4b6f85ff784dbe0673a9.jpeg

མི་རྣམས་གཉིད་ལོག་པའི་སྐབས་སུ་ཀླད་པ་དང་ལུས་ཕུང་ལ་ངལ་གསོ་དང་སླར་གསོ་བྱེད་ཐུབ། གཉིད་ཀྱིས་ལུས་ཕུང་ལ་ཕན་ཐོགས་པ་ནི་སྨོས་མ་དགོས་པ་ཞིག་རེད། དེ་བས་དགོང་མོ་གཉིད་འདང་ངེས་ཡོད་དགོས་པ་མ་ཟད། ཉིན་གུང་དུ་སྐར་མ་ཕྱེད་ཀའི་ནང་ཚུན་དུ་གཉིད་ལོག་ན་ལུས་ཕུང་ལ་དེ་བས་ཀྱང་དགེ་མཚན་ཆེན་མོ་ལྡན།

1.ཀླད་ཆེན་དབང་རྩ་སླར་གསོ་དང་ཡིད་འཛིན་ཇེ་མཐོར་གཏོང་བ།

ཨ་རིའི་ཞིབ་འཇུག་མི་སྣས་བརྟག་དཔྱད་བྱས་པ་ལྟར་ན། གཉིད་ན་ཀླད་པའི་ཕྲ་ཕུང་ཉམས་གསོ་བྱེད་པར་སྐུལ་འདེད་གཏོང་ཐུབ་ཅིང་། གཞན་ཡང་གཉིད་ཀྱིས་མི་རྣམས་ཀྱི་ཡིད་འཛིན་ཇེ་བཟང་ལ་གཏོང་ཐུབ། ཉིན་གུང་གཉིད་ན་མིའི་ཀླད་པར་ངལ་གསོ་དང་སླར་གསོ་བྱེད་པའི་ནུས་པ་ཡོད་པར་མ་ཟད། མིའི་དྲན་ཤེས་ཇེ་མཐོར་བཏང་སྟེ། མི་རྣམས་ཀྱི་ལུས་ཕུང་བདེ་སྲུང་ལ་རོགས་རམ་བྱེད་ཐུབ།

2.མིག་ལ་ཕན་པ།

མིག་བཙུམ་ནས་གཉིད་དུ་ཡུར་རྗེས། སྔ་དྲོ་གང་བོར་ངལ་དུབ་ཀྱིས་མནར་བའི་མིག་འབྲས་ལ་ངལ་གསོ་བྱས་ནས་མིག་ཤེད་ཇེ་ཞན་དུ་འགྲོ་བར་སྔོན་འགོག་བྱེད་ཐུབ་མ་ཟད། ཡུན་རིང་བོར་ཁ་པར་དང་གློག་ཀླད་ཀྱིས་མིག་འབྲས་སྐམ་པོར་གྱུར་པ་དང་། མཐོང་སྐྱི་ལ་གནོད་པའི་གནད་དོན་སེལ་ཐུབ།

3.ལུས་པོའི་རིམས་འགོག་ནུས་པ་སླར་གསོ་དང་གཟུགས་གཞིའི་བདེ་ཐང་ལ་ཕན་པ།

གཉིད་འདང་ངེས་མེད་ཚེ། ལུས་པོའི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས་ནད་རིགས་སྣ་ཚོགས་འབྱུང་སླ་ཞིང་། དུས་རྒྱུན་དུས་ལྟར་གཉིད་ལོག་པ་དང་། ཉིན་གུང་གཉིད་ཁ་གསབ་བྱེད་པའི་གོམས་སྲོལ་ཡོད་ཚེ། ལུས་ཁམས་དང་སེམས་ཁམས་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ལྡན།

4.ཕྲ་ཕུང་གསར་སྒྱུར་བྱེད་པར་སྐུལ་འདེད་དང་སྐྱི་པགས་ཇེ་བཟང་ལ་འགྲོ་བར་ཕན།

སྐྱི་པགས་ཀྱི་རྙིང་ཚབ་གསར་བརྗེ་ནི་གཉིད་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད། རྒྱུ་མཚན་ནི་ཁྱེད་ཉིད་གཉིད་དུ་ཡུར་བའི་སྐབས་སུ། ཤ་གནད་དང་ནང་ཁྲོལ་དབང་པོ་སོགས་ཀྱི་ཟད་གྲོན་ཇེ་ཉུང་དང་། པགས་པའི་ཁྲག་རྩ་ཡོངས་སུ་སྒོ་ཕྱེས་ཤིང་། ཁྲག་གི་འཁོར་རྒྱུག་ནས་འཚོ་བཅུད་འདོན་སྤྲོད་བྱས་ཏེ།རང་གི་སྐྱི་པགས་སླར་གསོ་དང་ཕྲ་ཕུང་གསར་སྒྱུར་བྱེད་པར་ཕན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།