ཀྲུང་གོ་བོད་ཀྱི་དྲ་བ།

འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལས་མི་ཚེའི་འབེལ་གཏམ་སྐོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལས་དང་རླུང་རྟ།    

རླུང་རྟ་ལ་ཡང་ཆོས་ཉིད་ལྡན། སྐྱེ་བོ་དམ་པས་རླུང་རྟ་ཁོ་ནར་བསྒུགས་ནས་སྡོད་མི་སྲིད་པར་རླུང་རྟར་སྲུང་སྐྱོང་བྱེད་ཀྱིན་ཡོད། སྐྱེ་བོ་ལ་ལ་རླུང་རྟ་སྒོ་ཁར་ཕར་འགྲོ་ཚུར་འོང་བྱེད་རྒྱུར་བློ་ཡིད་ཚིམས་ཏེ་རླུང་རྟའི་ལྷ་མོས་ལུང་བསྟན་གནང་རྒྱུར་རེ་བ་བྱེད། སྐྱེ་བོ་འགས་ལས་ཀ་དེ་བས་ལེགས་པར་སྒྲུབ་ཀྱིན་ཡོད། ཁོ་ཚོས་རང་ཉིད་ཀྱི་དཔའ་དང་བློ་སྟོབས་ལ་བརྟེན་ནས་འབད་པ་ལྷུར་ལེན་གྱིས། རླུང་རྟའི་ལྷ་མོ་དང་ཉེ་བར་བཅར་ཏེ་གཤིས་བཟང་དང་དཔའ་སྟོབས་ཀྱི་གཤོག་ཟུང་ལ་བརྟེན་ནས་ཁོང་གི་དགའ་བསུ་དང་བྱིན་རླབས་ཐོབ་པར་བྱེད་ཀྱིན་ཡོད། འོན་ཏེ་མི་ཚེའི་ལྟ་བ་དངོས་ཐོག་ནས་གླེང་ཚེ་སྤྱོད་བཟང་དང་ལྟ་རྒྱ་ཐོས་རྒྱ་ནི་ཤན་འབྱེད་པ་དངོས་དེ་ཡིན། གང་ལེགས་ཤེ་ན་འཇིག་རྟེན་ཁམས་སུ་སྤྱང་བླུན་གྱི་ཁྱད་པར་ཙམ་ལས་རླུང་རྟ་དར་མིན་གྱི་ཁྱད་པར་མེད་པས་སོ། །

ཤེས་ཡོན་ལག་ལེན་ཐོག་འཁྱོལ་བར་བྱེད་དགོས།

སྐྱེ་བོ་དམ་པས་བླ་མེད་ཀྱི་སྤྱོད་བཟང་དང་གཏིང་ཟབ་པའི་ཤེས་ཡོན་གྱིས་རང་ཉིད་ལ་དྲག་ཆས་སྤྲས་ཤིང་། དེ་ནི་གནའ་དེང་སྤྱོད་བཟང་གི་ཤེས་ཡོན་ཡིན་པ་ལས་སྲང་ལམ་གྱི་གཏམ་རྙོག་མིན། ཁོང་ཚོར་ཤེས་བྱའི་མན་ངག་ལྡན་པ་དང་བླ་མེད་ཀྱི་མཛད་རྗེས་འབོར་ཆེན་རྟོགས་པར་མ་ཟད། སྐབས་དོན་ཇི་ལྟ་བུ་ཞིག་གི་འོག་ཏུ་ཀུ་རེའི་གཏམ་ལ་བརྟེན་ནས་གཞུང་འགྲེལ་བྱས་ཚེ་དེ་བས་ཕན་ཐོགས་ཆེ་བ་ཡོད། སྒྱུ་རྩལ་བདུན་ཇི་འདྲའི་ཉམས་དགའ་ནའང་བཀོལ་སྤྱོད་བདེ་བའི་ཤེས་བྱ་དེ་སྒྱུ་རྩལ་བདུན་ལས་ཆེས་ཕན་ཐོགས་ཆེ་བ་ཡོད། །

ལྷད་སྐྱོན་མེད་པ།

ལྷད་སྐྱོན་མེད་པ། དེ་ནི་བཟང་པོ་ཀུན་འཛོམས་ཀྱིས་ངེས་པར་སྙེག་པར་བྱེད་པའི་གནས་ཚད་ཅིག་རེད། སྐྱེ་བོ་སུ་འདྲ་ཞིག་ལའང་གཟུགས་གཞི་དང་བསམ་བློ་གང་རུང་ཐད་ལ་སྐྱོན་གྱི་ཆ་ཡོད་སྲིད། དེ་དག་ཚོད་འཛིན་བྱེད་སླ་ནའང་མི་རྣམས་ཀྱིས་སྣང་མེད་རྒྱ་ཡན་གཏོང་གིན་ཡོད། རླབས་ཆེན་མི་སྣའི་ལུས་ཐོག་གི་སྐྱོན་ཆ་དག་གིས་མིག་ཤེས་ཀྱི་ཚོར་བ་རྣོ་བའི་སྐྱེ་བོ་ཚོར་བློ་ཕམ་སྟེར་གྱིན་ཡོད་དེ། སྤྲིན་ནག་ལྷེབ་ཙམ་ཞིག་གིས་ཀྱང་ཉི་མའི་འོད་ཟེར་ཡོངས་སུ་སྒྲིབ་ངེས་པ་དེ་རྟོགས་དགོས། དེ་ཡང་ངེད་ཚོའི་མཚན་སྙན་གྲགས་ཀྱི་ཐད་སྐྱོན་དེ་འདྲ་ཡོད་སྲིད་པས། བསམ་ངན་ཁོག་བཅུག་ཅན་དེས་འཕྲལ་མར་རྟོགས་ནས་ཉིད་ལ་རྙི་སློང་བྱེད་སྲིད། ཐབས་ཤེས་བཟང་ཤོས་ནི་སྐྱོན་རྣམས་རྒྱན་དུ་འཛིན་རྒྱུ་དེ་རེད། དེ་ཡང་སྔོན་ཁེ་སཱས①ནོར་བུའི་ཅོད་པན་གྱིས་རང་གི་མགོ་དམར་ཐེར་དེ་འགེབས་པ་བཞིན་ནོ།།

ཁྱོད་ཀྱི་འཆར་ཡན་ཚོད་འཛིན་བྱེད་དགོས།

སྐབས་འགར་ཁྱོད་ཀྱི་ངེས་པར་དུ་འཆར་ཡན་ཡོ་བསྲང་བྱེད་དགོས་པ་དང་། སྐབས་འགར་ཁྱོད་ཀྱིས་འཆར་ཡན་ལ་སྐུལ་འདེད་གཏོང་དགོས། གནད་དོན་འདི་ང་ཚོ་སྐྱིད་སྡུག་གང་ཡོང་དང་རང་ཚོད་ཐུབ་མིན་དང་འབྲེལ་བ་དམ་པོ་ཡོད། སྐྱེ་བོའི་འཆར་ཡན་གྱིས་ཁྲིམས་མེད་ལུགས་མེད་བྱེད་པ་དང་བྱ་དངོས་ཚང་མ་སྣང་མེད་དུ་གཏོང་བ་ཙམ་མ་ཟད། ངེད་ཚོའི་འཚོ་བར་ཤུགས་རྐྱེན་དང་དབང་སྒྱུར་བྱེད་སྲིད། འཆར་ཡན་གྱིས་ངེད་ཚོར་བདེ་བ་སྟེར་སྲིད་ལ་ངེད་ཚོའི་ཁུར་པོར་ཡང་འགྱུར་སྲིད། དེ་ནི་ཁོས་ང་ཚོ་ཁུངས་མེད་ལུང་མེད་གང་འདྲ་ཞིག་གི་ཕྱོགས་སུ་ལམ་སྟོན་བྱེད་མིན་དེར་ཐུག་ཡོད། དེས་ང་ཚོ་ཆོག་ཤེས་ཐུབ་པ་བཟོ་སྲིད་ལ་རང་གིས་རང་ལ་ཞེན་པའང་ལོག་པར་བྱེད། སྐྱེ་བོ་འགའ་ཤས་ཀྱི་ངོས་ནས་གླེང་ཚེ་འཆར་ཡན་ནི་ཟད་མཐའ་མེད་པའི་བཀའ་ཆད་དང་བླུན་པོ་རྣམས་ཀྱི་དཀའ་སྦྱོང་གི་ལྕག་ཚན་ལྟ་བུ་རེད། སྐྱེ་བོ་གཞན་འགའ་ཞིག་གི་ངོས་ནས་གླེང་ཚེ་འཆར་ཡན་ནི་སྤྲོ་སྣང་གི་འཕྲུལ་སྣང་བརྒྱུད་དེ་བདེ་སྐྱིད་དང་གློ་བུར་ཐུག་འཕྲད་ཡོང་བ་དེ་རེད། གལ་ཏེ་ཁྱོད་ཀྱིས་ཡིད་གཟབ་ཚད་ལས་འདས་པའི་སྒོ་ནས་ཚོད་འཛིན་གྱིས་དེའི་བདག་པོར་གྱུར་ན་མ་གཏོགས་དེས་ཅི་ཡང་བྱེད་མི་ནུས། །

①གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་རྒྱལ་པོ་གྲགས་ཅན་ཞིག

《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ལས་བཏུས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།