རང་བྱུང་ཁམས་ལ་བརྩི་བཀུར་དང་དགའ་གུས་བྱས་ཏེ་རི་སྐྱེས་སྲོག་ཆགས་ལྐོག་རྔོན་དང་ལྐོག་བཟའ་བྱེད་པའི་སྲོལ་ངན་བསྒྱུར་དགོས།

མིག་སྔར།ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་ཁུལ་ཧྲི་པིན་རྫོང་ནགས་ཚལ་སྤྱི་བདེ་ཅུས་ལ་གཏུག་བཤེར་གནས་ཚུལ་ཞིག་འབྱོར།རྫོང་དེའི་ལུང་ཐང་སྡེ་བའི་སྡེ་མི་ལུང་ཆེ་གེ་མོས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་གསེར་བྱ་ལྟོ་དམར་ཞིག་གི་འདྲ་པར་དྲ་ཐོག་ཏུ་བཞག་ནས།ཁོའི་ཨ་ཕ་རི་མགོར་སོང་ནས་བཟུང་ཚུལ་དང་།ཉི་མ་རེ་རེར་རི་སྐྱེས་སྲོག་ཆགས་ཀྱི་ཤ་ཞིམ་པོ་ཟོས་པས་ད་ལྟ་བཟའ་འདོད་ཀྱང་མེད་ཚུལ་སོགས་ཀྱི་གཏམ་བརྗོད་མང་པོ་སྤེལ།མི་དམངས་ཉེན་རྟོག་པས་གནས་ཚུལ་དེ་ཤེས་རྗེས་མྱུར་བ་མྱུར་དུ་ཁོ་ཚང་ལ་སོང་ནས་སྔོག་བཤེར་བྱས་པ་ན།གསེར་བྱ་ལྟོ་དམར་ཞིག་དང་གསེར་བྱའི་དམར་དཔེ་སོགས་ཡོད་པ་རྙེད་ཅིང་།ལུང་ཆེ་གེ་མོས་ཁྲིམས་འགལ་སྒོས་རི་དྭགས་རྩ་ཆེན་ལྐོག་འཛིན་དང་ལྐོག་གསོད་བྱས་པའི་ཉེས་པ་བསགས་ཡོད་པས་འཛིན་བཟུང་བྱས།

དོན་དག་འདི་ནི་ཕྱི་ཚུལ་ནས་བལྟས་ན་བུས་ཁྱིམ་ཚང་གི་འཚོ་བ་ཕྱི་རུ་ངོམ་ཏེ་ཨ་ཕ་སྡུག་ལ་གཏད་པའི་གྱོད་དོན་ཞིག་ཡིན་མོད།འོན་ཀྱང་དེའི་ནང་དུ་རི་སྐྱེས་སྲོག་ཆགས་ཀྱི་ཤ་བཟའ་བའི་སྲོལ་ངན་དེ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པ་མཚོན་ཡོད།རིམས་ནད་ཀྱི་སྨུག་པ་རྒྱལ་ཡོངས་ཀུན་ཏུ་ཁྱབ་ཡོད་པའི་སྐབས་འདིར།ད་རུང་རི་སྐྱེས་སྲོག་ཆགས་རྔོན་མཁན་དང་ལྐོག་བཟའ་བྱེད་མཁན་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ།གལ་ཏེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་དྲ་བ་བརྟན་པོ་ཞིག་མ་བཙུགས་ན།རིམས་ནད་མཇུག་རྫོགས་རྗེས།བརྗེད་ངས་གདོན་གྱིས་བསླུས་པའི་མི་འདི་དག་གིས་ཅུང་མི་འགོར་བར་རྨ་ཁ་སོས་ན་ན་ཟུག་བརྗེད་འགྲོ་བའི་དཔེ་བཞིན།ཁ་ཐུམ་ཕུད་རྗེས་སླར་ཡང་དོང་རྙི་བཙུགས་ནས། རི་སྐྱེས་སྲོག་ཆགས་ཀྱི་འཛད་སྤྱོད་ཡང་བསྐྱར་རོ་ལངས་རྒྱག་ཁོ་ཐག་རེད།

བྲོ་བ་ཁོ་ནའི་སྟེང་ནས་བཤད་ན།རི་སྐྱེས་སྲོག་ཆགས་ཀྱི་ཤ་ནི་ཁྱིམ་གསོས་སྲོག་ཆགས་ཀྱི་ཤ་ལས་ཞིམ་མོད།འོན་ཀྱང་འཚོ་བཅུད་ཀྱི་རིན་ཐང་ཐོག་ནས་བཤད་ན་ཁྱད་པར་གང་ཡང་མེད་པས།རི་སྐྱེས་སྲོག་ཆགས་ཀྱི་ཤ་ཟོས་ན་ལུས་སྟོབས་རྒྱས་པའི་སྐད་ཆ་དེ་ལ་གཞི་འཛིན་ས་གང་ཡང་མེད།འཕྲོད་བསྟེན་རིམས་བཤེར་མ་བྱས་པའི་ཉེན་ཁར་མི་འཛེམ་པ་དང་།རི་སྐྱེས་སྲོག་ཆགས་ཀྱི་སྟེང་དུ་ནད་འབུ་དང་ནད་དུག་མང་པོ་ཡོད་པའི་འཇིགས་པ་ལ་མི་སྐྲག་པར་དེའི་ཤ་བཟའ་བ་ནི་དོན་དངོས་སུ་བཤད་ན་བསམ་བློའི་གཏིང་རིམ་དུ་ཐིམ་པའི་ངོམ་འདོད་ཀྱི་བསམ་པ་དེ་རེད།

“གནམ་ལ་འཕུར་བ། རི་ལ་འཛེག་པ། ས་ལ་འཛུལ་བ། ཆུ་ལ་རྐྱལ་བ་སོགས་ཀྱི་སྲོག་ཆགས་གང་ཞིག་ཡིན་རུང་གསོལ་ཅོག་སྟེང་དུ་བཤམ་པ་དང་།”“ཟོས་མ་མྱོང་བའི་རི་དྭགས་ཐམས་ཅད་གསོལ་ཅོག་སྟེང་དུ་བཞག་ནས་བཟའ་འདོད་པ”ནི་གསོལ་ཅོག་སྟེང་དུ་རི་སྐྱེས་སྲོག་ཆགས་ཀྱི་ཤ་བཞག་ན་རང་ཉིད་ལ་ངོ་སོ་ཡོད་པར་འདོད་པའི་སེམས་ཁམས་དེའི་དབང་གིས་བྱུང་ཞིང་།རི་དྭགས་ཅི་འདྲ་རྩ་ཆེན་ཡིན་ན་དེ་ལྟར་ངོ་སོ་ཡོད་པས།ལོ་གསར་དང་དུས་ཆེན་གྱི་སྐབས་ནི་རི་སྐྱེས་སྲོག་ཆགས་ཀྱི་ཉོ་ཚོང་ཧ་ཅང་བྲིན་པའི་སྐབས་རེད།

རི་སྐྱེས་སྲོག་ཆགས་ཀྱི་ཤ་བཟའ་བའི་ཉེན་ཁ་ནམ་ཡང་ཡལ་མ་མྱོང་བར།ང་ཚོས་ཚེ་སྲོག་གིས་དེ་ལ་སྐྱིན་ཚབ་འཇལ་མྱོང་བ་སྟེ།2003ལོའི་ས་སི་གློ་ཚད་ཀྱི་ཁྲོད་དུ་ང་ཚོས་ཨོག་དཀར་ཟེར་བའི་རི་སྐྱེས་སྲོག་ཆགས་ཤིག་ངོ་ཤེས།ཨོག་དཀར་གྱི་སྟེང་དུ་ནད་དུག་མང་པོ་མང་པོ་ཞིག་ཡོད་པ་སྐབས་དེར་ཚན་རིག་གིས་བདེན་དཔང་བྱས་མོད།འོན་ཀྱང་ལོ་བཅུ་ཁ་ཞིག་གི་དུས་ཡུན་ནང་།མི་རྣམས་ཀྱིས་ས་སི་གློ་ཚད་ཀྱི་བསླབ་བྱ་གཏིང་བརྗེད་དུ་སོང་ནས།ཝུའུ་ཧན་ཧྭ་ནན་མཚོ་ཟས་ཚོང་རའི་རྔོན་ཟས་ཟ་ཁང་གི་འདེམས་བྱང་སྟེང་དུ་སྔར་བཞིན་ཨོག་དཀར་ཡོད་པ་དང་།དེ་མིན་ད་རུང་ན་གི་དང་སྲེ་མོང་སོགས་ནད་དུག་ལྡན་པའི་སྲོག་ཆགས་མང་པོ་འདུས་ཡོད།

ཐེངས་འདིའི་རིམས་འགོག་འཐབ་འཁྲུག་ཁྲོད།ས་ཆ་མང་པོ་ཞིག་གི་ཁྲིམས་སྐྱོང་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་རྡུང་རྡེག་གི་གྲི་ཁ་ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་རྔོན་པའི་བྱ་སྤྱོད་ལ་གཏད་དེ།ཁྲིམས་འགལ་པ་མང་པོ་ཞིག་ཁྲིམས་ཀྱི་དྲ་བར་བཅུག་ཡོད།གོང་དུ་བརྗོད་པའི་ཀུའེ་ཀྲོའུ་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་རྔོན་མཁན་ལུང་ཆེ་གེ་མོ་ལས་གཞན་ད་རུང་ཟླ2པའི་ཚེས13ཉིན།ཕག་རྒོད་ལྐོག་རྔོན་བྱེད་མཁན་ཧྲའོ་ཞིང་གྲོང་ཁྱེར་གྱི་སྐྱེས་པ་ཞིག་ལ་ཟླ་དྲུག་གི་ཁྲིམས་ཐག་བཅད་པ་དང་།འདམ་རྩྭ་འཁྱིལ་བའི་ནང་དུ་གྲུམ་པ་འཛིན་མཁན་གྱི་ཀོ་ཆེ་གེ་མོར་སྲིད་འཛིན་ཆད་པ་བཅད་པར་མ་ཟད་སྒོར4000ཡི་དངུལ་ཆད་བཅད་པ་རེད།ཟླ་དང་པོའི་ཚེས22ཉིན་གྱི་ཚུན་དུ་ནང་སོག་ཁོ་ན་རུ་བསྡོམས་པས་རི་སྐྱེས་སྲོག་ཆགས་རྔོན་པའི་གྱོད་དོན27རྩད་ཆོད་པ་དང་།རི་སྐྱེས་སྲོག་ཆགས340གཞུང་བསྡུ་བྱས་ཤིང་།ཉེས་བསགས་དོགས་ཡོད་མི་སྣ27ཐག་གཅོད་བྱས།

ཟླ2པའི་ཚེས10ཉིན།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྟན་དོན།རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ལས་ཀ་དངོས་སུ་མགོ་རྩོམ་པར་བཀོད་སྒྲིག་བྱས་ཡོད་པས།རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་ལས་ཀ་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ད་ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞིའི་ནང་དུ་འཇོག་རྩིས་ཡོད་པར་མ་ཟད།རི་སྐྱེས་སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་སོགས་བཟོ་བཅོས་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་།ཀོང་ཏུང་དང་ཐེན་ཅིན་སོགས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མྱུར་དུ་བཅའ་ཁྲིམས་བཙུགས་པ་དང་།འབྲེལ་ཡོད《ཆོད་དོན》ལ་བསྟུད་མར་གྲོས་འཆམ་བྱུང་སྟེ།རི་སྐྱེས་སྲོག་ཆགས་གང་འདོད་དུ་རྔོན་བཟའ་བྱེད་མི་ཆོག་པ་ཁྱབ་བསྒྲགས་བྱས།

ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་མི་ཆོག་པ་དང་།རི་སྐྱེས་སྲོག་ཆགས་ཀྱི་ཤ་བཟའ་བའི་སྲོལ་ངན་གཏིང་གཅོད་བྱེད་པའི་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་དྲ་བ་དང་ཁྲིམས་སྐྱོང་དྲ་བ་ད་ལྟ་ཇེ་དམ་དུ་གཏོང་བཞིན་པའི་སྒང་རེད།བཅའ་ཁྲིམས་ཀྱི་དམར་ཐིག་ཅིག་ཡོད་ན།རི་སྐྱེས་སྲོག་ཆགས་བཟའ་འདོད་མཁན་དག་གི་སེམས་སུ་ཐེ་གཏོགས་བྱེད་ས་ཞིག་ཡོད་ལ།ཁྲིམས་འགལ་སྒོས་རི་སྐྱེས་སྲོག་ཆགས་རྔོན་པ་དང་སྐྱེལ་འདྲེན་བྱེད་པ་སོགས་ཐོན་ལས་སྦྲེལ་ཐག་ངན་པ་བདག་གཉེར་བྱེད་མཁན་གྱི་ལྷུ་ཚིགས་རེ་རེར་ཆད་པ་ནན་མོ་གཅོད་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།