རྨ་ཆུ་ནི་ཀྲུང་གོའི་ཆུ་ཀླུང་ཆེན་མོ་གཉིས་པ་དང་ཨེ་ཤ་ཡའི་ཆུ་ཀླུང་ཆེན་མོ་གསུམ་པ་དེ་ཡིན། རྨ་ཆུར་འབྱུང་ཁུངས་ཆུ་བོ་གསུམ་ཡོད་དེ། བྱང་གི་འགོ་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྲ་ལ་རི་བོའི་ལྷོ་འདབས་ཀྱི་བཀྲ་ཆུ་ཡིན་ལ། ལྷོའི་འགོ་ཁུངས་ནི་ཁྲ་ལ་རི་བོའི་བྱང་འདབས་ཀྱི་མཁར་ཆུ་ཡིན། ནུབ་ཀྱི་འགོ་ཁུངས་ནི་མཚོ་ཁྲའི་ནུབ་འགྲམ་གྱི་ཡོས་སླང་ཆུ་བཅས་རེད། རྨ་ཆུའི་ཆུ་རྒྱུན་ཡོངས་ཀྱི་དབྱིབས་ནི་རྒྱའི་ཡི་གེ“几”ཡི་གཟིགས་ལྟར་སྣང་ལ། ནུབ་ནས་ཤར་དུ་རིམ་བཞིན་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག ཧྲའན་ཞི། ཧྲན་ཞི། ཧི་ནན། ཧྲན་ཏུང་བཅས་ཞིང་ཆེན(རང་སྐྱོང་ལྗོངས) དགུ་བརྒྱུད་མཐར་པོ་ཧའེ་རྒྱ་མཚོར་བབས་ཡོད།
རྨ་ཆུའི་སྟོད་རྒྱུད་དུ་གཙོ་བོ་རི་ཁུལ་ཡིན་ཞིང་། དབུས་སྨད་རྒྱུད་དུ་བདེ་ཐང་དང་རི་མ་ཐང་གཙོ་ཆེ། རྨ་ཆུའི་བར་རྒྱུད་དུ་ས་སེར་མཐོ་སྒང་ཡོད་པས་རྨ་ཆུའི་བྱེ་འདམ་ཚད་ཧ་ཅང་ཆེ་སྟེ་འཛམ་གླིང་སྟེང་བྱེ་མ་ཆེས་མང་བའི་ཆུ་བོ་ཡང་ཟེར། ལོ་རྒྱུས་ཐོག་རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་ལམ་བསྒྱུར་མྱོང་བས་མིའི་རིགས་ཀྱི་དཔལ་ཡོན་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད། རྨ་ཆུ་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་གནས་གཙོ་བོ་ཡིན་ཞིང་ཀྲུང་གོ་བ་རྣམས་ཀྱིས་དེ་ལ་“མ་ཡུམ་གཙང་པོ་”ཞེས་འབོད། རྨ་ཆུའི་འགོ་ཁུངས་ནས་ནང་སོག་རང་སྐྱོང་ལྗོངས་ཐུའོ་ཁེ་ཐུའོ་རྫོང་གི་ཆུ་མདོ་གྲོང་རྡལ་བར་ནི་རྨ་ཆུའི་སྟོད་རྒྱུད་ཡིན་ལ། རིང་ཚད་ལ་སྤྱི་ལེ3471.6ཡོད། ཆུ་མདོ་གྲོང་རྡལ་ནས་ཧི་ནན་ཀྲིན་ཀྲོའུ་གྲོང་ཁྱེར་གྱི་ཐའོ་ཧྭ་ཀུའུ་བར་ནི་བར་རྒྱུད་ཡིན་ལ། རིང་ཚད་ལ་སྤྱི་ལེ1206.4ཡོད། ཐའོ་ཧྭ་ཀུའུ་ནས་རྒྱ་མཚོ་བར་ནི་སྨད་རྒྱུད་ཡིན།
ཡན་ལག་ཆུ་བོ། མདོ་ཆུ་དང་། སྤེན་ཆུ། ཆུ་ནག ཙོང་ཆུ། ཧྥུན་ཆུ་གཙང་བོ། ཝེ་ཆུ་གཙང་བོ་སོགས་ནི་རྨ་ཆུའི་ཡན་ལག་ཆུ་བོ་ཡིན།
འབབ་ཡུལ་གྱི་མཚེའུ། རྨ་ཆུའི་འབབ་རྒྱུད་དུ་མཚེའུ་ཅུང་ཆེ་བ་གསུམ་ཡོད་དེ་། དེ་དག་ནི་མཚོ་སྐྱ་རེངས་དང་སྔོ་རེངས། སྨད་རྒྱུད་ཀྱི་ཏུང་ཕིང་མཚེའུ་བཅས་རེད།
རྨ་ཆུའི་འབབ་རྒྱུད་ཀྱི་ས་བབ་ནི་ནུབ་མཐོ་ཞིང་ཤར་དམའ་བ་དང་། ནུབ་ནས་ཤར་དུ་མཐོ་དམའ་བར་གསུམ་གྱི་སྐས་རིམ་ཆགས་ཡོད། སྐས་རིམ་མཐོ་ཤོས་ནི་རྨ་ཆུའི་ཆུ་འགོའི་ཁུལ་གནས་སའི་མཚོ་བོད་ས་མཐོ་ཡིན་ཞིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ཡན་ཡོད། སྐས་རིམ་གཉིས་པའི་ས་དབྱིབས་ཅུང་སྙོམས་ཤིང་། ས་སེར་མཐོ་སྒང་ནི་གྲུབ་ཆ་གཙོ་བོ་ཡིན་འདུག སྐས་རིམ་འདི་མཚོ་ངོས་ལས་མཐོ་ཚད་སྨི1000-2000ཡོད། རིམ་པ་གསུམ་པའི་ས་བབ་དམའ་ཞིང་ཕལ་ཆེ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི100ལས་དམའ་བའི་ཧྭ་བྱང་བདེ་ཐང་ཆེན་མོ་ཡིན། །