བུད་མེད་རྒས་ཚད་ཇེ་དལ་དུ་གཏོང་བའི་ཐབས་མཆོག་གསུམ།

བུད་མེད་རྣམས་ལ་མཚོན་ན།ཁྱོད་རྒས་འདུག་ཅེས་པའི་སྐད་ཆ་དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད།བུད་མེད་ཁ་ཤས་ཤིག་ལོ་སུམ་ཅུའི་ནང་དུ་ཡོད་ནའང་།བལྟས་ཚོད་ཀྱིས་རྒན་མོ་ཞིག་དང་མཚུངས་ཤིང་།བུད་མེད་ཁ་ཤས་ཤིག་ལོ་ལྔ་བཅུར་བུད་ནའང་། བལྟས་ཚོད་ཀྱིས་གསར་མོ་ཞིག་དང་མཚུངས་པས།ན་ཆུང་གཞོན་ནུ་མ་ཞིག་དང་མཚུངས་པའི་བཞིན་མདངས་དང་སྐྱེས་གཟུགས་ལོངས་སུ་སྤྱོད་རྒྱུ་དེ་ནི་བུད་མེད་ཡོངས་ཀྱི་སེམས་ཀྱི་འདུན་མ་རེད།གཤམ་དུ་རྒས་ཚད་ཇེ་དལ་དུ་གཏོང་བའི་ཐབས་མཆོག་གསུམ་ངོ་སྤྲོད་བྱ་རྒྱུ་ཡིན།

གཅིག ལུས་སྦྱོང་བྱེད་པ། རྒྱུན་དུ་ལུས་སྦྱོང་བྱེད་མཁན་རྣམས་བལྟས་ཚོད་ཀྱིས་དོན་དངོས་ན་ཚོད་ལས་ཆུང་བ་རེད།དབྱང་ལྡན་ལུས་སྦྱོང་བྱས་ན་ལུས་པོས་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་བ་དང་།གློ་བའི་དབུགས་ལེན་བྱེད་ནུས་ཇེ་དྲག་དང་ཀླད་པར་དབྱང་རླུང་འདོན་སྤྲོད་བྱེད་ཚད་ལེགས་བསྒྱུར་བྱེད་ཐུབ།དེ་ལས་གཞན་ད་རུང་ཚན་རིག་གི་ཆོས་ཉིད་དང་མཐུན་པའི་ལུས་སྦྱོང་གིས་ལུས་སྟེང་གི་ཤ་གནད་རྐྱོང་སྐུམ་དང་ལྷོད་པོར་འགྱུར་བར་ཕན་པ་ཡོད་པས།སྐྱི་པགས་ཇེ་འཇམ་དུ་འགྲོ་བའི་བྱེད་ནུས་ལྡན།

དཔེར་ན།སྐོར་བྲོ་འཁྲབ་པ།སྐོར་བྲོ་འཁྲབ་པ་ནི་ཆེས་བཟང་བའི་དབྱང་ལྡན་འགུལ་སྐྱོད་ཅིག་ཡིན།དེ་ལ་འགུལ་སྐྱོད་བྱེད་ཚད་ཚད་དང་རན་ཞིང་རྣམ་པ་གསོན་ཉམས་ལྡན་པ།ནང་དུ་ཞུགས་སླ་བ་བཅས་ཀྱི་བཟང་ཆ་ཡོད་པས།ཤ་གནད་ཀྱི་ནུས་པ་ཇེ་བཟང་དང་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་འདེད།སེམས་ཁམས་གསོ་བ།མིའི་བར་གྱི་འབྲེལ་འདྲིས་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་དགེ་མཚན་ལྡན་ནོ། །

གཉིས།མཚན་མི་བརྒལ་བ། གསང་རྒྱུད་ཟགས་གཤེར་འཁྲུག་པའི་རྒྱུ་རྐྱེན་གཙོ་བོ་ནི་མཚན་བརྒལ་བ་དེ་རེད།དུས་ཡུན་རིང་པོར་མཚན་བརྒལ་ན།གདོང་ལ་གཉེར་མ་ཡོང་བ་དང་མིག་མཐའ་སྔོན་པོར་འགྱུར་བ།གདོང་ལ་ནག་ཐིག་ཡོང་བ།མགོ་སྐྲ་ལྷུང་བ་སོགས་ཀྱི་རྒས་རྟགས་མང་པོ་གཅིག་རྗེས་གཉིས་མཐུད་དུ་འབྱུང་ངེས་ཡིན་ལ།དེ་ལས་གཞན་ད་རུང་རྒྱུན་དུ་མཚན་བརྒལ་ན་མིའི་དབང་རྩའི་མ་ལག་དང་འཇུ་བྱེད་མ་ལག་ལ་གནོད་འཚེ་ཐེབས་ཏེ།བློ་རིག་མི་གསལ་བ་དང་ཕོ་རྒྱུ་མི་བདེ་བ་སོགས་ཀྱི་གནད་དོན་འབྱུང་བ་རེད།

གཉིད་སྐྱིད་པོ་ཡོང་བ་དེས་ལུས་སྟེང་གི་རྙིང་ཚབ་གསར་བརྗེ་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།གཉིད་སྐྱིད་པའི་གོམས་སྲོལ་ལེགས་པོ་རྒྱུན་འཁྱོངས་བྱས་ན།ངལ་དུབ་སེལ་བར་མ་ཟད་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བ་དང་།ངོ་མདངས་ཇེ་ལེགས་སུ་འགྲོ་བ་རེད།

གསུམ། ཀ་ར་བཟའ་བར་ཚོད་འཛིན་བྱེད་པ། ཀ་རས་མིའི་ལུས་ལ་ནུས་དྲོད་འདོན་སྤྲོད་བྱེད་ཐུབ་མོད།འོན་ཀྱང་བཟའ་རྒྱུ་མང་ན་ལུས་པོར་ཚོ་འབུད་པར་མ་ཟད།“མངར་འགྱུར་འདྲེས་སྦྱོར”འབྱུང་བ་རེད།མངར་འགྱུར་འདྲེས་སྦྱོར་གྱིས་ལུས་སྟེང་གི་སྤྲི་དཀར་རིམ་གྱིས་མཚམས་བཅད་དེ།མིའི་ངོ་གདོང་གི་སྐྱི་པགས་ལྷོད་པོར་བཏང་ནས་རྒས་ཉམས་མངོན་སྲིད།

དེ་བས་བུད་མེད་རྣམས་ཀྱིས་རྒས་ཚད་ཇེ་དལ་དུ་གཏོང་འདོད་ན།ཀ་ར་བཟའ་བར་ཚོད་འཛིན་བྱས་ཏེ།ཉིན་རེའི་ཀ་ར་བཟའ་ཚད་ཁེ25ནས30ཡི་ནང་དུ་ཚོད་འཛིན་བྱེད་དགོས་སོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།