ཀྲུང་གོ་བོད་ཀྱི་དྲ་བ།

ཆེད་མཁས་པས་དགུན་དུས་སུ་ཆུ་འབྲུམ་ཐོན་སླ་བས་ཁྱིམ་བདག་གིས་ཕྲུ་གུའི་རྨང་གཞིའི་འགོག་བཅོས་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུན་དུས་ནི་ཆུ་འབྲུམ་ཐོན་སླ་བའི་དུས་ཡིན་པས་ཆེད་མཁས་པས་ཆུ་འབྲུམ་དེ་འབྱིན་རྔུབ་མ་ལག་རྒྱུད་འགོ་ཆོག་པ་དང་ཁྱིམ་བདག་གིས་ཕྲུ་གུར་ཆུ་མང་ཙམ་འཐུང་དུ་འཇུག་རྒྱུ་དང་ལག་པ་གཙང་མར་བཀྲུས་ནས་ཆམ་པ་མི་ཕོག་པ་བྱེད་དགོས། ཁོད་དོག་པའི་གནས་སུ་ཡུན་རིང་དུ་མི་སྡོད་པ། གལ་ཏེ་ཁྱིམ་དུ་ཆུ་འབྲུམ་ནད་པ་ཡོད་ན་ལོགས་སུ་བཀར་བཅོས་བྱེད་དགོས།

ནན་ཅིང་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་འགོས་ནད་རང་བཞིན་གྱི་ནད་ཡམས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་ཐེན་ཡས་ཀྱིས་གསར་འགོད་པར་བཤད་རྒྱུར། ཟླ་9པ་ནས་བཟུང་བྱིས་པར་ཆུ་འབྲུམ་ཐོན་ནས་སྨན་པ་བསྟེན་མཁན་མང་དུ་ཕྱིན་ཡོད་མོད། འོན་ཀྱང་ཁྱིམ་བདག་མི་ཉུང་བ་ཞིག་གིས་ཆུ་འབྲུམ་ལ་ངོས་འཛིན་ཡང་དག་ཅིག་མེད་པ་དཔེར་ན། ཆུ་འབྲུམ་ཀྱི་ནད་ལ་ལག་པས་རེག་ན་ད་གཟོད་རང་ལ་འགོ་སྲིད་པ་སོགས་ཀྱི་ངོས་འཛིན་བྱེད་ཀྱིན་ཡོད།

ཆེད་མཁས་པས་བཤད་རྒྱུར། ཆུ་འབྲུམ་ནི་མྱུར་གཤིས་འགོས་ནད་ཡིན། ཐད་ཀར་རེག་ཚོར་བརྒྱུད་འགོ་བ་ལས་གཞན། འབྱིན་རྔུབ་མ་ལག་བརྒྱུད་ནས་འགོ་བ་སྟེ། ཆུ་འབྲུམ་ཡོད་པའི་ནད་པ་ལུད་པ་དང་ཧབ་སྦྲིད་རྒྱག་པ་སོགས་ལས་ནད་དུག་འགོ་སྲིད།

“ཕྲུ་གུར་ཆུ་འབྲུམ་ཐོན་ཚེ་ཡང་བསྐྱར་མི་ཐོན་པའི”ངོས་འཛིན་ནོར་འཁྲུལ་ལ་དམིགས་ཏེ། ཆུ་འབྲུམ་འགོག་གཟུགས་དེ་རྒྱུན་ལྡན་དུ་དུས་ཡུན་རིང་ཙམ་ལ་རྒྱུན་འཁྱོངས་བྱེད་ཐུབ་པས་ཡང་བསྐྱར་ཆུ་འབྲུམ་ཐོན་པའི་སྲིད་ཕྱོད་ཆུང་ནའང་། ལུས་སྟེང་གི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ན། ཡང་བསྐྱར་ཆུ་འབྲུམ་ཐོན་སྲིད། འགོག་སྨན་གྱིས་ཆུ་འབྲུམ་རིགས་བརྒྱ་ཆའི90འགོག་སྲིད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བྱིས་པར་ཆུ་འབྲུམ་འགོག་པའི་འགོག་ཁབ་ཐེངས་གཉིས་ལ་རྒྱག་པའི་རེ་བ་བཏོན་ཡོད།

ཐེན་ཡས་ཀྱིས་གསར་འགོད་པར་ནད་པར་ཡང་དང་ཡང་དུ་ཚ་རྒྱག་པའི་ཆུ་འབྲུམ་གྱི་ནད་ཀྱིས་ཀླད་ཚད་དང་གློ་ཚད་སོགས་ཚབས་ཆེ་བའི་ནད་སློང་སྲིད་པ་དང་། གལ་ཏེ་ཕྲུ་གུར་ཚ་བརྒྱབ་ནས་མི་ཉམས་པ་དང་། བློ་རིག་མི་གསལ་བ། མགོ་ན་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་ངེས་པར་དུ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ཟེར།

ཆེད་མཁས་པས་ཁྱིམ་བདག་གིས་ཕྲུ་གུར་རྨང་གཞིའི་འགོག་བཅོས་ཡག་པོ་བྱེད་དགོས་པ་དཔེར་ན། ལག་པ་མང་ཏུ་བཀྲུ་བ་དང་། ཕྲུ་གུར་སྣ་འཕུར་བ་དང་སྣ་ཁུང་འདྲུ་རུ་མི་འཇུག་པ། ཆུ་མང་ཙམ་འཐུང་ནས་སྣའི་འབྱར་སྐྱི་རློན་པར་བྱེད་པ་དང་ནད་དུག་གི་གནོད་འཚེ་འགོག་པ། གཉིད་འདང་ངེས་དགོས་པ་དང་སྔོ་ཚལ་དང་ཤིང་ཏོག་མང་ཙམ་ཟ་དགོས་ལ། ལྭ་བ་དྲོན་པོ་གྱོན་ནས་ཆམ་པ་འགོག་པ། ཆུ་འབྲུམ་ཐོན་མང་བའི་དུས་སུ་མི་མང་སར་མི་འགྲོ་བ་དང་། ཁོད་དོག་པའི་བར་སྟོང་དུ་ཡུན་རིང་སྡོད་དུ་མི་འཇུག་པ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།