ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཐང་གི་འཚོ་བ་རོལ་སྟངས་ནི་ག་འདྲ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཚོ་བ་རོལ་སྟངས་ཞེས་པ་ནི་མི་རྣམས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་དགོས་དབང་དུ་ཆགས་པའི་ཉིན་རྒྱུན་འཚོ་བའི་བྱ་སྤྱོད་ཕྱིར་མཚོན་པའི་རྣམ་པ་ཞིག་དང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་གཏན་སྲུང་བྱེད་པའི་བྱ་སྤྱོད་ཚད་དང་ལྡན་པ་ཞིག་སྟེ། གོམས་སྲོལ་དུ་ཆགས་པའི་འཚོ་བ་དང་འགུལ་སྐྱོད་བྱེད་སྟངས་ཤིག་ཡིན་ལ། དེ་ནི་མི་རེ་རེས་འཚོ་བ་རོལ་དུས་རང་བཞིན་གྱིས་ཆགས་པའི་བྱ་སྤྱོད་ཅིག་ཡིན། བདེ་ཐང་གི་འཚོ་བ་རོལ་སྟངས་ནི་ལུས་ཕུང་བདེ་ཐང་ཡོང་བར་ཕན་པའི་གོམས་གཤིས་ཅན་གྱི་སྤྱོད་སྟངས་ལ་བསྟན་པ་དང་། བྱེ་བྲག་གི་མཚོན་སྟངས་ནི། བཟའ་བཏུང་ལེགས་པར་བསྟེན་པ་དང་ལུས་རྩལ་སྦྱོང་བརྡར་བྱེད་པ། དུ་བ་མི་འཐེན་པ། ཆང་ཉུང་འཐུང་བྱེད་པ། དུས་རྒྱུན་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་པ། ནད་བྱུང་ན་དུས་ཐོག་ཏུ་སྨན་པར་སྟོན་པ། བདེ་ཐང་ལ་ཕན་པའི་རིག་རྩལ་བྱ་འགུལ་དང་སྤྱི་ཚོགས་བྱ་འགུལ་སྣ་ཚོགས་ནང་མང་དུ་ཞུགས་པ་སོགས་སོ། །

བདེ་ཐང་གི་འཚོ་བ་རོལ་སྟངས་གཙོ་བོ་ནི།

གཅིག ལུགས་དང་མཐུན་པའི་བཟའ་བཏུང་། དེ་ནི་འཚོ་བཅུད་འཛོམས་པའི་ཟས་རིགས་འདོན་སྤྲོད་བྱེད་པར་བསྟན་པ་ཡིན། ཟས་རིགས་མི་འདྲ་བའི་ནང་དུ་འཚོ་བཅུད་ཀྱང་འདྲ་མིན་སྣ་ཚོགས་འདུས། ལུས་པོ་བདེ་ཐང་ཡོང་དགོས་ན་ཟས་རིགས་སྣ་ཁ་གཅིག་གི་འཚོ་བཅུད་ལ་བརྟེན་པས་མི་ཆོག་པར། ཟས་རིགས་སྣ་མང་ཟོས་ན་ད་གཟོད་ལུས་ཡོངས་ཀྱི་འཚོ་བཅུད་ཆ་སྙོམས་ཡོང་སྟེ་བདེ་ཐང་ལ་ཡར་སྐུལ་གཏོང་ཐུབ།

གཉིས། འགུལ་སྐྱོད་ཚད་དང་རན་པ། འགུལ་སྐྱོད་ཚད་དང་རན་པ་བྱས་ན་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་ཐུབ་པར་མ་ཟད། ད་དུང་ཁྲག་རྩ་སྙོམ་པོར་གཏོང་ཐུབ། དེ་མིན་ད་དུང་གཟའ་གྲིབ་ཕོག་པ་དང་སྙིང་ནད་འབྱུང་བ། གཅིན་སྙི་ཟ་ཁུའི་ནད། རྩམ་ལོང་འབྲས་སྐྲན། ནུ་མའི་འབྲས་སྐྲན། རུས་སོབ་ནད་སོགས་ཕོག་པའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ། འགུལ་སྐྱོད་ཚད་དང་རན་པ་བྱས་ན། སེམས་ཁམས་བདེ་མོ་དང་གཉིད་སྐྱིད་པོ་ཡོང་བར་ཕན།

གསུམ། དུ་བ་གཅོད་པ་དང་ཆང་ཉུང་འཐུང་བྱེད་པ། དུ་བ་འཐེན་ན་བདེ་ཐང་ལ་གནོད་པ་ཚང་མས་ཤེས་པས། དུ་བ་སྔ་མོ་ནས་བཅད་ན་བཟང་ཆ་དེ་བཞིན་མང་ལ། ཆང་ཉུང་འཐུང་བྱེད་པ་དང་། ཏུའུ་དམའ་མོ་ཅན་གྱི་ཆང་འཐུང་རྒྱུ་ཡིད་ལ་འཇགས་དགོས།

བཞི། སེམས་ཁམས་དྭངས་མོ་ཡོང་བ། སེམས་ཁམས་དྭངས་མོ་ཡོང་བ་ཞེས་པ་ནི་སེམས་ཁམས་ཀྱི་འགྱུར་ལྡོག་བཟང་པོར་བསྟན་པ་ཡིན། རང་ཉིད་ཀྱི་བཟང་ངན་ལ་གདེང་འཇོག་ཡང་དག་དང་འཚོ་བའི་གནོན་ཤུགས་མེད་པར་གཏོང་བ། ནུས་ལྡན་སྒོས་བྱ་བ་སྒྲུབ་པ་དང་སློབ་སྦྱོང་བྱེད་པ། ཁྱིམ་ཚང་དང་སྤྱི་ཚོགས་ལ་བྱས་རྗེས་འཇོག་པ་བཅས་ཀྱི་སེམས་ཁམས་བཟང་པོ་ཡོད་དགོས། ད་དུང་མི་དང་མིའི་བར་ལ་འབྲེལ་བ་ལེགས་པོ་འཛུགས་པ་དང་སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་ནང་ཞུགས་པ་སོགས་བྱས་ཚེ་སེམས་ཁམས་དྭངས་པར་ཕན་པ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།