ཀྲུང་གོ་བོད་ཀྱི་དྲ་བ།

མཆིན་པ་ཚིལ་འགྱུར་གྱི་ནད་པ་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེང་སྐབས་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས།གཟའ་མཇུག་གཉེན་ཉེ་སྤུན་གྲོགས་དང་མཉམ་དུ་འཛོམས་ཏེ།རྒྱས་བཟའ་རྒྱས་འཐུང་བྱེད་ཞོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་ནི་དར་སྲོལ་ཞིག་ཏུ་གྱུར་ཡོད།ཡིན་ན་ཡང་རྒྱས་བཟའ་རྒྱས་འཐུང་བྱས་རྗེས་ལུས་སྦྱོང་བྱེད་རྒྱུར་མ་དགའ་ན། ལུས་སྟེང་གི་ནུས་གྲོན་ཟད་ཚད་ཉུང་བས། འཚོ་བཅུད་ཡོངས་རྫོགས་མཆིན་པའི་ནང་དུ་བསོགས་ནས།མཆིན་པ་ནི་ཚིལ་ཞག་གི“མཛོད་ཁང”ལྟ་བུར་འགྱུར་སྲིད།

ཉེ་བའི་ལོ་འདི་འགར་རང་རྒྱལ་དུ་མཆིན་པ་ཚིལ་འགྱུར་གྱི་ནད་པ་ཇེ་མང་ནས་ཇེ་མང་ཡིན་ལ།ནད་དུག་རང་བཞིན་གྱི་མཆིན་པའི་གཉན་ཚད་ཕུད་པའི་འབྱུང་ཚད་མཐོ་བའི་མཆིན་ནད་ཨང་གཉིས་པར་གྱུར་ཡོད་པས།མི་རྣམས་ཀྱི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་ཀྱིན་ཡོད།“ཚོ་དྲགས་པ་དང་བཟའ་བཏུང་ལུགས་མཐུན་མིན་པ།ལུས་སྦྱོང་བྱེད་རྒྱུར་མི་དགའ་བའི་མི་རྣམས་ལ་མཆིན་པའི་ཚིལ་འགྱུར་གྱི་ནད་འབྱུང་ཚད་ཧ་ཅང་མཐོ།དེ་ནི་འཚོ་བ་བཟང་དྲགས་པའི་དབང་གིས་ཚིལ་ཞག་ཡོངས་རྫོགས་མཆིན་པར་བསོགས་པ་རེད”ཅེས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་འཇུ་བྱེད་ཚན་ཁག་གི་ཀྲུའུ་རེན་ཝུའུ་པའོ་ཧྭ་ཡིས་དེ་ལྟར་བཤད།

མི་ཁ་ཤས་ཤིག་གིས་མཆིན་པ་ཚིལ་འགྱུར་ནི་ཚོ་རྒྱས་པའི་མི་ལ་མ་གཏོགས་མི་འབྱུང་བར་འདོད་ཀྱིན་ཡོད་མོད།འོན་ཀྱང་དོན་དངོས་སུ་དེ་ལྟར་མ་ཡིན་པར།སྐམ་ཞིང་རིད་པའི་མི་ལའང་མཆིན་པ་ཚིལ་འགྱུར་གྱི་ནད་བྱུང་བ་མང་པོ་ཡོད།དེ་ནི་སྐམ་ཞིང་རིད་པ་ཅན་གྱི་མིའི་སྙིང་དང་མཆིན་པ།མཚེར་བ་བཅས་ཀྱི་ནང་དུ་སྣུམ་ཞག་མང་བས་ཡིན་ཞིང་།མཆིན་པ་ཚིལ་འགྱུར་ནི་མཆིན་པའི་ཕྲ་ཕུང་ཁོ་ནའི་ནང་དུ་ཚིལ་ཞག་མང་བ་ཙམ་མིན་པར།དོན་སྣོད་གཞན་དག་ལའང་དོ་སྣང་ལེགས་པོ་བྱེད་དགོས།

མཆིན་པ་ཚིལ་འགྱུར་ལ་ནད་རྟགས་མང་པོ་ཡོད་མོད།འོན་ཀྱང་ཡང་མོ་ཅན་ལ་ཐང་ཆད་པ་ལས་ནད་རྟགས་གཞན་པ་གང་ཡང་མེད་པས།ནད་པ་མང་པོ་ཞིག་གིས་ཚོར་གྱིན་མེད།ཡང་ལྕི་འབྲིང་ཙམ་ལ་སླེབས་རྗེས་དལ་གཤིས་མཆིན་ཚད་ཀྱི་ནད་རྟགས་དང་འདྲ་བ་སྟེ།ཟས་ལ་ཡི་ག་མེད་པ་དང་ལུས་པོ་ངལ་ཞིང་དུབ་པ།སྐྱུགས་མེར་ལངས་པ།ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྲོ་བ།མཆིན་ཁུལ་དང་གཡས་ཕྱོགས་ཀྱི་གསུས་ཁོག་ན་བ།ཕོ་བ་ལྦོས་པ་སོགས་ཀྱི་ནད་རྟགས་མངོན་པ་རེད།མཆིན་པ་ཚིལ་འགྱུར་ནད་ཀྱི་ཡང་ལྕི་ནི་ནད་རྟགས་ལ་བལྟས་ནས་ཤེས་མི་ཐུབ།ནད་པ་ཁ་ཤས་ཤིག་ནད་གཞི་ཇེ་སྡུག་ཏུ་སོང་ནས་མཆིན་པ་སྲ་འགྱུར་དུ་གྱུར་བའི་ཚད་དུ་སླེབས་ཡོད་ནའང་ནད་རྟགས་གང་ཡང་མེད་པ་རེད།

མཆིན་པ་ཚིལ་འགྱུར་སྔོན་འགོག་བྱེད་དགོས་ན་འཚོ་བའི་གོམས་གཤིས་ལ་ངེས་པར་དུ་དོ་སྣང་བྱེད་དགོས་ཏེ།དུས་རྒྱུན་དུ་ཆང་མང་པོ་མི་འཐུང་བ་དང་།སྣུམ་ཞག་མང་བའི་ཟས་རིགས་མང་པོ་བཟའ་མི་རུང་ལ།ལུས་སྦྱོང་མང་དུ་བྱེད་དགོས།ཆང་བཅུད་ཀྱིས་མཆིན་པའི་ཕྲ་ཕུང་ལ་ཐད་ཀར་གནོད་པ་བཟོ་སྲིད་པས།ཆང་བཅུད་རང་བཞིན་གྱི་མཆིན་ནད་འབྱུང་རྐྱེན་ནི་ལོ་ལྔའི་ཡན་ལ་རྒྱུན་དུ་ཆང་འཐུང་བ་དང་ཡང་ན་གཟའ་འཁོར་གཉིས་ཀྱི་ནང་ཆང་བག་མེད་དུ་འཐུང་བ་ལས་བྱུང་བ་རེད།

ཝུའུ་པའོ་ཧྭ་ཡིས་བཤད་རྒྱུར།མཆིན་པ་ཚིལ་འགྱུར་གྱི་ནད་པར་མཆིན་པ་སྲ་འགྱུར་དང་མཆིན་འབྲས་འབྱུང་ཚད་རྒྱུན་ལྡན་གྱི་མི་ལས་ལྡབ150ཡིས་མཐོ་ཞིང་།ལུས་པོའི་ལྗིད་ཚད་མཐོ་དྲགས་པའི་མི་ལ་མཆིན་པ་སྲ་འགྱུར་གྱི་ནད་བྱུང་ན་སྤྱིར་བཏང་དུ་མཆིན་ནད་ལྗིད་མོའི་རིགས་ཡིན་པར་མ་ཟད།ད་རུང་ཀླད་སྙིང་ཁྲག་རྩའི་ནད་རིགས་དང་གཅིན་སྙི་ཟ་ཁུའི་ནད་འབྱུང་སླ་ལ།ལུས་སྟེང་གི་རིམས་འགོག་ནུས་པ་དང་དུག་སེལ་ནུས་པ་ཇེ་ཞན་དུ་འགྲོ་བ་རེད།དེའི་རྐྱེན་གྱིས་མཆིན་པ་ཚིལ་འགྱུར་གྱི་ནད་བྱུང་ཡོད་པ་ཤེས་རྗེས།མྱུར་དུ་སྨན་ཁང་ལ་སོང་ནས་མཆིན་པའི་བྱེད་ནུས་ལ་བརྟག་པ་དང་།ཁྲག་ཚིལ་དང་ཁྲག་ཧྭགས།ཁྲག་ཤེད་སོགས་ལ་བརྟག་བཤེར་ལེགས་པོ་བྱས་ཏེ།ནད་ཀྱི་འབྱུང་རྐྱེན་བཙལ་དགོས་ཤིང་འབྱུང་རྐྱེན་ལ་ཁ་གཏད་དེ་གསོ་བཅོས་བྱས་ན།མཆིན་པ་ཚིལ་འགྱུར་གྱི་ནད་པ་མང་པོ་ཞིག་དྲག་སྐྱེད་འབྱུང་ཐུབ།

ཚང་མས་བཤད་པ་ནང་བཞིན་མཆིན་པ་གསོ་བ་ནི་ཚེ་སྲོག་གསོ་བ་དང་གཅིག་མཚུངས་ཡིན་ཏེ།མཆིན་པའི་བདེ་ཐང་ནི་ལུས་པོ་བདེ་ཐང་ཡོང་མིན་གྱི་གནད་འགག་ཡིན།ཝུའུ་པའོ་ཧྭ་ཡིས་ང་ཚོར་དྲན་སྐུལ་བྱེད་ཀྱིན་ཡོད་པ་སྟེ།མཆིན་པ་ཚིལ་འགྱུར་ནད་སྔོན་འགོག་བྱེད་དགོས་ན།ང་ཚོས་ངེས་པར་དུ་ཐོག་མར་སྤྲི་དཀར་དང་འཚོ་བཅུད་འདུས་ཚད་མཐོ་ཞིང་།ཀ་ར་དང་ཚིལ་ཞག་འདུས་ཚད་དམའ་བའི་ཟས་རིགས་བསྟེན་དགོས་པར་མ་ཟད།སྲོག་ཆགས་ཀྱི་ཚིལ་མི་བཟའ་བ་དང་ཀ་ར་འདུས་པའི་སྐོམ་ཆུ་མི་འཐུང་བའམ་ཡང་ན་ཉུང་འཐུང་བྱེད་དགོས།སྔོ་ཚོད་དང་སིལ་ཏོག་མང་དུ་བཟའ་དགོས་ལ།སྤྲི་དཀར་འདུས་ཚད་མཐོ་བའི་ཤ་གནག་དང་ཉ་ཤ།སྲན་མའི་རིགས་བཅས་མང་དུ་བཟའ་བ་ལས།ཞོར་ཟས་བཟའ་མི་རུང་བ་དང་།ཉལ་ཁར་ཟ་མ་མི་བཟའ་བ་དང་ཆང་དེ་བས་ཀྱང་འཐུང་མི་རུང་།དེ་ལས་གཞན་ད་རུང་ལུས་སྦྱོང་ཚད་དང་རན་པ་བྱས་ཏེ་ལུས་སྟེང་གི་ཚིལ་ཞག་ཟད་དུ་འཇུག་དགོས།རྐང་ཐང་ལ་འགྲོ་བ་དང་ལུས་སྦྱོང་འཕྲུལ་ཆས་སྟེང་ལུས་སྦྱོང་བྱེད་པ་ནི་ལུས་སྦྱོང་གི་གདམ་གསེས་ལེགས་པོ་ཞིག་ཡིན་ནོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།