ཀྲུང་གོ་བོད་ཀྱི་དྲ་བ།

ཀླད་པ་གསོ་བར་ཕན་པའི་གོམས་སྲོལ་འགའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ན་གཞོན་གྱི་དུས་སུ་གོམས་སྲོལ་གང་དག་ཆགས་སུ་བཅུག་ན། རྒས་དུས་ཀྱི་ཀླད་པར་ཕན་པ་ཡོད་དམ། ཉེ་ཆར།ཨ་མེ་རི་ཁའི《ཀློག་པ་པོའི་རྩོམ་ཡིག》དྲ་བས་འདིའི་ཐད་ནས་མཚམས་སྦྱོར་ཞིབ་མོ་ཞིག་བྱས་ཡོད་པ་སྟེ།

གཅིག རོལ་རྩེད་རྩེ་བ། མིག་མངས་དང་ཤོ་སྦག་རྒྱག་པ་སོགས་ཀྱི་རོལ་རྩེད་རྩེས་ན་ཀླད་པར་སྦྱོང་བརྡར་ཐོབ་པ་རེད། ཨ་མེ་རི་ཁའི་ཝེ་སི་ཁང་ཞང་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཤེས་པ་ལྟར་ན། རྒྱུན་དུ་པར་རིས་སྒྲིག་པ་དང་མིག་མངས་རྩེ་བ་སོགས་ཀྱི་རོལ་རྩེད་ལ་དགའ་བའི་རྒན་པ་རྣམས་ཀྱི་ཤེས་རྟོགས་ནུས་པ་དང་ཀླད་པའི་ཤོང་ཚད་རོལ་རྩེད་དེའི་རིགས་ལ་མི་དགའ་བའི་ན་མཚུངས་རྒན་པ་ལས་མཐོ་བ་རེད།

གཉིས། སྟོང་འདང་རྒྱག་པ། ཉིན་རེར་སྐར་མ12རིང་སྟོང་འདང་བརྒྱབ་ན་ཀླད་པའི་ཁྲག་རྒྱུན་ཇེ་མགྱོགས་སུ་བཏང་སྟེ། ཕྲ་ཕུང་གི་རྒས་ཚད་ཇེ་དལ་དུ་འགྲོ་བ་རེད།

གསུམ། སྙིང་ལ་སྲུང་སྐྱོབ་བྱེད་པ། ཨ་མེ་རི་ཁའི་མའེ་ཨ་མིས་སློབ་ཆེན་གསོ་རིག་སློབ་གླིང་གི་ཞིབ་འཇུག་ལས་མངོན་པ་ལྟར་ན། སྙིང་གི་སྲུང་སྐྱོབ་ལ་ཇི་ལྟར་དོ་སྣང་བྱས་ན། ཤེས་རྟོགས་ནུས་པ་ཇེ་དམའ་རུ་འགྲོ་ཚད་དེ་ལྟར་དལ་བ་དང་། བདེ་ཐང་ཡིན་པའི་སྙིང་ཁམས་ཁྲག་རྩའི་མ་ལག་གིས་ཀླད་པར་འཚོ་བཅུད་མང་པོ་འདོན་སྤྲོད་བྱེད་ཐུབ།

བཞི། དབྱང་ལྡན་ལུས་སྦྱོང་། འདི་ནི་ཀླད་པར་ཆེས་ཕན་པ་ཡིན།ཨ་མེ་རི་ཁའི་ཝེ་ཁེན་ནགས་ཚལ་སློབ་ཆེན་གསོ་རིག་སློབ་གླིང་གི་ཞིབ་འཇུག་ལས་མངོན་པ་ལྟར་ན།རྒྱུན་དུ་དབྱང་ལྡན་ལུས་སྦྱོང་བྱེད་ཀྱིན་པའི་རྒན་པའི་ཀླད་པའི་ཤོངས་ཚད་ནི་ལུས་སྦྱོང་སྟབས་བདེ་བྱེད་པའི་རྒན་པ་ལས་མངོན་གསལ་གྱིས་ཆེ་བ་རེད།

ལྔ། ཞིབ་འདང་རྒྱག་པ། ཀླད་པས་དབང་རྩའི་ཕྲ་ཕུང་བར་གྱི་འབྲེལ་མཐུད་ལ་བརྟེན་ནས་ད་གཟོད་བྱ་བ་སྒྲུབ་ཀྱིན་ཡོད། རྒན་པའི་གླེན་ནད་ནི་འབྲེལ་མཐུད་དེ་ཆད་པའི་དབང་གིས་བྱུང་བ་ཡིན་པས། བསམ་བློ་གཏོང་དགོས་པའི་བྱ་འགུལ་སྟེ་དཔེར་ན་དཔེ་ཀློག་བྱ་འགུལ་དང་རྩོམ་འབྲིའི་བྱ་འགུལ་སོགས་ལ་ཞུགས་ན། དབང་རྩའི་ཕྲ་ཕུང་དེ་དག་འབྲེལ་མཐུད་ཡོང་བར་ཕན་པ་ཡོད།

དྲུག གླུ་དབྱངས་ལ་ཉན་པ། གླུ་དབྱངས་དང་རོལ་དབྱངས་སོགས་ལ་ཉན་ན། འགུལ་སྐྱོད་པགས་རིམ་དང་ཐོས་ཚོར་པགས་རིམ།བརྩེ་དུང་གི་དབང་རྩ་སོགས་ཧུར་པོར་གཏོང་ཐུབ།

བདུན། རི་མོ་འབྲི་བ། གང་བྱུང་དུ་རི་མོ་ཞིག་བྲིས་ནའང་བར་སྟོང་ལ་འདང་བརྒྱག་དགོས་པར་མ་ཟད། ཞིབ་ཕྲའི་སྟེང་དུ་རྣམ་རིག་སྒྲིམ་དགོས་པས། རྒན་པའི་ཤེས་རྟོགས་ཉམས་པ་སྔོན་འགོག་བྱེད་ཐུབ།

བརྒྱད། གཉིད་སྐྱིད་པ། རྒྱུན་དུ་གཉིད་ཀྱིས་མ་འདང་ན་རྒན་པའི་གླེན་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། གཉིད་སྐྱིད་པོར་རོལ་བའི་སྐབས་སུ་གནོན་ཤུགས་ལས་བྱུང་བའི་ཀླད་པའི་དུག་རྒྱུ་ཡོད་ཚད་མེད་པར་བཟོ་ཐུབ།

དགུ། སེམས་སྐྱིད་པ། བྱ་བ་ཅི་ཞིག་ཡིན་རུང་བཟང་ཕྱོགས་སུ་འདང་བརྒྱག་དགོས། བསམ་བློའི་གནོན་ཤུགས་ལྗིད་ན་ཡང་རྒན་པའི་གླེན་ནད་འབྱུང་བའི་ཉེན་ཁ་ཡོད་པས། སེམས་ཁམས་སྐྱིད་པོ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།

བཅུ། གྲོགས་པོ་གསར་པ་སྒྲིག་པ་དང་། གྲོགས་པོ་རྙིང་པར་འབྲེལ་གཏུག་བྱེད་པ། རྒྱུན་དུ་སྤྱི་ཚོགས་ཀྱི་བྱ་འགུལ་ནང་ཞུགས་ནས་གྲོགས་པོ་མང་པོ་བསྒྲིགས་ན།ཤེས་རྟོགས་ནུས་པ་ཉམས་པ་སྔོན་འགོག་བྱེད་ཐུབ། སྤྱི་ཚོགས་འབྲེལ་འདྲིས་ཀྱིས་མིའི་ལུས་སྟེང་གི་ཆེས་རྙོག་འཛིང་ལྡན་པའི་ཤེས་རྟོགས་ནུས་པ་བསླང་ཐུབ།

བཅུ་གཅིག ཞབས་བྲོ་འཁྲབ་པ། ཞབས་བྲོ་འཁྲབ་པ་ནི་ལུས་སྦྱོང་དང་གླུ་དབྱངས་མཉམ་འདྲེས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒན་པའི་ཀླད་པར་གསོན་ཤུགས་སྦྱིན་པའི་ཐད་ཕན་པ་ཆེན་པོ་ཡོད་པ་བཅས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།