ཀྲུང་གོ་བོད་ཀྱི་དྲ་བ།

འཇུ་ལག་ཆུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྨོག་རུ་དོན་གྲུབ་ཚེ་རིང་།   སྤེལ་དུས། : 2018-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགེ་མཚན་ཕུན་སུམ་ཚོགས་པ་མདོ་སྨད་སྐྱིད་པའི་ལྗོངས།  ། འཇུ་ལག་བཀྲ་ཤིས་ཐང་ཞེས་གྲགས་པའི་གནས།  ། གངས་རི་གཡའ་བྲག་རི་བོ་མཁའ་ལ་སྙེགས།  ། ལྗོན་པའི་འཕྲེང་ལྡན་ནགས་ཚལ་ལོ་འདབ་རྒྱས།  ། སྤང་ལྗོངས་མེ་ཏོག་སྣ་ཚོགས་ཚོན་གྱིས་བཀྲ།  ། དག་བྱེད་ཆུ་ཀླུང་དལ་འབབ་འཁྱིལ་ཞིང་དུ།  ། གཙུག་ལག་ཁང་དང་གནས་གཞི་འབྲོག་དང་གྲོང་།  ། སྣོད་བཅུད་འབྱོར་བ་ཕུན་སུམ་ཚོགས་པའི་དབུས།  ། ་་་་་་སྔོ་ཁོ་ངག་དབང་ལེགས་བཤད་ཉི་མས།

ཙོང་ཆུའི་ཆུ་ལག་གཙོ་བོ་དང་རྨ་ཆུའི་རིམ་པ་གཉིས་པའི་ཆུ་ལག་ཏུ་གྱུར་པའི་འཇུ་ལག་ཆུ་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ཤར་ཕྱོགས་ནས་མཆེད་པ་ཡིན་ཞིང་།  ཆུ་བོའི་སྟོད་རྒྱུད་ཐེམ་ཆེན་རྫོང་ཁོང་བརྒྱུད་ནས་ཤར་ཕྱོགས་སུ་བཞུར་གྱིན་ཡོད་པས་ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་དེ་ལ་མེ་རིའི་ཆུ༼དམུ་རིའི་ཆུ༽དང་ཐང་དམར་ཆུ་ཟེར་བ་དང་།  དེ་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་དང་མདོ་ལ་རྫོང་།  རྒྱ་མདོ་རྫོང་།  མཚོ་ཤར་ས་ཁུལ་གྱི་ཧོར་གྲོང་རྗོང་དང་ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་།  མཚོ་ཤར་ས་ཁུལ་གྱི་གཞོང་ཐང་རྫོང་སོགས་ཀྱི་ས་ཁོང་རིམ་པར་བརྒྱུད་ཅིང་སྔ་ཕྱིར་ཆུ་ལག་ཆེ་ཆུང་བརྒྱ་ཕྲག་གཅིག་ཙམ་མཉམ་དུ་འདུས་ནས་ཆེར་རྒྱས་ཤིང་དཔའ་རིས་མཆོད་རྟེན་ཐང་གི་ཤར་ཕྱོགས་ཙམ་ནས་རིམ་གྱིས་ཤར་ལྷོའི་ཕྱོགས་སུ་ཁ་གྱུ་བའི་མཐར་གཞོང་ཐང་རྫོང་གཞོང་ཐང་གྲོང་རྡལ་ནས་ཙོང་ཆུར་འདྲེས་པའི་བར་མཚམས་ཀྱི་བཞུར་རྒྱུན་ལ་དཔའ་རིས་པ་རྣམས་གཙོ་བྱས་ཏེ་འཇུ་ལག་ཆུ་ཞེས་འབོད་པ་དེའོ།  །

དེང་དུས་དྲ་ལམ་སོགས་སུ་རྒྱ་ཡིག་གི་ལམ་ནས་རྒྱུ་ཆ་མི་ཉུང་བ་ཞིག་བཀོད་ཡོད་པ་རྣམས་གཞིར་བཟུང་ནས་བཤད་ན།  རྒྱའི་སྐད་དུ་ཆུ་བོ་འདིར་ཧའོ་མོན་ཆུ་བོ(浩门河)དང་ཏ་ཐུང་ཆུ་བོ(大通河)སོགས་སུ་འབོད་ཅིང་།  སྤྱིའི་རིང་ཚད་ལ་སྤྱི་ལེ561ཡོད་པ་སྟེ་ཙོང་ཆུ་ལས་ཀྱང་ཆུ་རྒྱུན་རིང་བས་ན་ཙོང་ཆུའི་ཆུ་ཕུག་ཏུ་འདོད་མཁན་ཡང་ཡོད། ཆུ་རྒྱུན་འབབ་ཡུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.5126ཙམ་དང་ལོ་རེའི་བཞུར་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ88.7/སྐར་ཆ་ཙམ་ཡོད་པར་བཤད།  ཆུ་བོའི་སྟོད་རྒྱུད་ས་བབ་མཐོ་ཞིང་ཐང་ཡངས་པ་དང་ན་འདམ་རྒྱ་ཆེ་བ་སོགས་ཀྱིས་གྲུབ་པས་ཕྱུགས་རིགས་འཚོ་སྐྱོང་ལ་ཕན་ཞིང་། ཆུ་བོའི་བར་རྒྱུད་རྒྱ་མདའ་རྫོང་མཁར་གྱི་ཉེ་འགྲམ་ནས་སྨད་རྒྱུད་ཙོང་ཆུར་འདྲེས་པའི་བར་མཚམས་སུ་སོ་ནམ་གྱི་ལས་ཆེ་ཆེར་དར་བས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ས་ཁུལ་གཙོ་བོ་ཞིག་གོ་ཞེས་དང་རྒྱ་མདའ་རྫོང་ཁོང་ནས་ཏ་ཐུང་འབབ་ཆུའི་གཟར་ཚད་ཇེ་དྲག་ཏུ་བྱིན་པས། ཆུ་ཤུགས་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གྱུར་ནས་མ་དངུལ་གྱི་འགྲོ་གྲོན་ཆེར་མ་བཏང་ཡང་དགེ་བེད་འདོན་སླ་བའི་ཁྱད་ཆོས་ཡོད་པས། ཏ་ཐུང་ཆུ་བོའི་རྒྱ་མདའི་བར་མཚམས་དེ“ཆུ་གློག་དོག་ལམ”འཛུགས་སྐྲུན་བྱེད་པའི་གསེར་ལྟ་བུའི་ཆུ་ལམ་ཡིན་ཞེས་པ་སོགས་ངོ་སྤྲོད་གདེང་འཇོག་གི་ཡི་གེ་མང་དག་ཅིག་བྲིས་སྣང་ཡང་།  བླ་མ་རིན་པོ་ཆེ་མཁས་པའི་དབང་པོ་དོར་ཞི་མཆོག་གིས།  ཆུ་དེ་ལ་གནའ་དུས་ཆུ་སྔོན་ཟེར་བ་ལ།  ཆུ་སྲིན་གདུག་པ་ཅན་ཞིག་གིས་གནས་བཅས་ཏེ།  ཆུ་འགྲམ་གྱི་མི་ཕྱུགས་མང་པོ་ཟོས་པས།  མི་རྣམས་ཀྱིས་ཆུ་ནང་གི་སྲོག་ཆགས་དེ་འཇུས་ནས་བརླག་སོང་ཞེས་ཆོ་ངེ་བཏབ་པས།  ཆུའི་མིང་ལ་འཇུ་བརླག་ཐོགས་པ་ད་ལྟ་ཟུར་ཉམས་ནས་འཇུ་ལག་ཐོགས་པ་ཡིན་ཞེས་མདོ་སྨད་ཆོས་འབྱུང་ལས་བྱུང་ཞེས་གསུངས་པ་ལས་ཆུ་བོ་འདིར་འཇུ་ལག་ཆུ་ཐོགས་དོན་གསལ་བོར་རྟོགས་ཐུབ་ཅིང་།  ཆུ་སྔོན་ཞེས་པའི་མིང་གི་རྣམ་གྲངས་ཤིག་ཀྱང་ཡོད་པ་ཤེས་ཐུབ་ལ།  དེ་བཞིན་བླ་མ་རིན་པོ་ཆེ་ཁོང་གིས་ད་དུང་ཡང་།  མཆོད་རྟེན་ཐང་གི་དགོན་གནས་ནི།  དཔའ་རིས་རྫོང་གི་ལྷོ་ནུབ་མཚམས།  མཚོ་སྔོན་ཧུ་གྲུ་རྫོང་དང་འདབས་འབྲེལ། འཇུ་ལག་ཆུ་ཆེན་གྱི་ཉིན་ངོས་འགྲམ་བཅར་དུ་ཡོད་ལ།  འཇུ་ལག་ཆུ་ནི་དམུ་རི་ནས་འབབ་ཅིང་། ཏ་ཐུན། མུན་ཡོན་བརྒྱུད། དཔའ་རིས་རྫོང་གི་ལྷོ་ནུབ་མཚམས།  མཆོད་རྟེན་ཐང་གི་མདུན་ནས་མར་བཞུར་ཏེ། ཐེ་ཏུང་།  ཡོ་ཀེ་བརྒྱུད། ཞང་ཐང་ལ་ཐོན་ཚེ་ཙོང་ཆུ་དང་འདྲེས་ཤིང་།  དེ་ནས་མར་བཞུར་ཏེ་ཐག་མི་རིང་བ་ན་རྨ་ཆུར་འདྲེས་པ་ཡིན།  ཆུ་དེ་ལ་གནའ་དུས་རྒྱ་སྐད་དུ་ཧོ་མུན་ཧྲོས་ཟེར་ཡང་།  དེང་སང་ཏ་ཐུང་ཧོ་ཟེར་ཞིང་།  བོད་སྐད་དུ་འཇུ་ལག་ཆུ་ཟེར་བ་ཡིན། འཇུ་ལག་ཀླུང་འགྲམ་ཉིན་སྲིབ་ཏུ་འཇུ་ལག་ཡུལ་སྐྱོང་མཐོན་པོ་བཅུ་གསུམ་དུ་གྲགས་པའི་རི་མཐོན་པོ་བཅུ་གསུམ་ཡོད་དེ།  མེ་ལ་གངས་དཀར། མགོན་པོ་གདོང་དམར།  གནས་སྐས།  བྱ་དུར།  ཁྲ་ལེབ།  ར་རྒོད།  སྟག་རྩེ།  ཕྱོར་འཛོང་།  དམར་མཐོ།  སྐྱ་ཀ་རི།  ལྷུན་པོའི་རྩེ།  རབ་བཟང་།  ཀླུ་རི་རྣམས་སོ།  ། དེའི་ནང་གི་སྟག་རྩེ།  ཕྱོར་འཛོང་།  དམར་མཐོ།  སྐྱ་ཀ་རི།  ལྷུན་པོའི་རྩེ།  རབ་བཟང་།  ཀླུ་རི་རྣམས་མཆོད་རྟེན་ཐང་གི་ཐག་ཉེ་ན་ཡོད་ཅིང་།  ཁྲ་ལེབ་དང་།  ར་རྒོད་ཀྱང་ཧ་ཅང་ཐག་མི་རིང་།  འཇུ་ལག་ཆུ་རྒྱུད་ཡུལ་སྐྱོང་མཐོན་པོ་བཅུ་གསུམ་དང་འདབས་འབྲེལ་བའི་ས་ལ་འཇུ་ལག་ཕྱོགས་ཟེར་བ་ཡིན།  འཇུ་ལག་ཆུ་དེ།  ཞེང་དུ་གཞུ་འདོམ་སུམ་ཅུ་ཙམ་དང་བྲུག་དུས་གཞུ་འདོམ་བཞི་བཅུའི་ཡན་ཆད་སླེབ་ཅིང་།  ཟབས་སུ་ཁྲུ་གསུམ་བཞི་ཙམ་དང་བྲུག་དུས་འདོམ་གཉིས་ལྷག་སླེབ།  བྲག་དང་རྫ་གསེབ་ནས་བཞུར་བ་ཡིན་སྟབས་འདམ་དང་སྙིགས་མ་མེད་ཅིང་།  ཉིན་སྲིབ་ཀྱི་སྤང་རི་དང་ནགས་ཚལ་གྱི་སྔོ་མདོག་ཆུ་ལ་ཤར་བས།  ཆུ་དེ་སྔོ་ཞིང་དྭངས་ལ་མཛེས་ཤིང་ཡིད་དུ་འོང་བ།  འཐུང་ན་རོ་ཞིམ་ཞིང་ལུས་ལ་ཕན་པ།  བཀྲུས་ན་ཤ་མདངས་དཀར་འཇམ་དུ་འགྲོ་བ་སོགས་ཀྱི་ཡོན་ཏན་མང་དུ་ཡོད། ཅེས་གསུངས་པ་ནི་རྒྱུས་ཟབ་པས་དོན་ལ་གནས་པ་དང་།  གཟིགས་པ་ཡངས་པས་ལོ་རྒྱུས་ཀྱི་གནད་འདྲིལ་ཅིང་དངོས་ཡོད་ཀྱི་བབ་དང་མཐུན་པའི་གསུང་འབའ་ཞིག་ཏུ་མཐོང་ངོ་།  །

མདོར་བསྡུས་ནས་བཤད་ན། འཇུ་ལག་ཆུ་འདི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས།  ཡུལ་དེ་དང་འཇུ་ལག་སོགས་སུ་གངས་རི་གླང་ཆེན་དཀར་པོའི་ཁྱུ་འདྲ་ངོ་མཚར་བ་ཞེས་བསྔགས་པ་བཞིན་མདོ་སྨད་བྱང་ཕྱོགས་ཀྱི་གངས་རི་ཆེན་པོ་གངས་དཀར་ཕྱོགས་ལས་རྣམ་པར་རྒྱལ་བའི་ཤར་ཕྱོགས་ནས་མཆེད་ཅིང་། དེ་ནས་རྨ་ནུབ་དོག་ལམ་གྱི་ལྷོ་རིའམ་མདོ་ལའི་རི་རྒྱུད་ཀྱི་ལུང་ལག་མང་པོ་དང་གོང་གསལ་མཐོན་པོ་བཅུ་གསུམ་སོགས་གངས་རི་དང་འཁྱག་ཀླུང་དུ་མ་ནས་ཐོན་པའི་ཆུ་ལག་དུ་མས་གྲུབ་པའི་ཀླུང་ཆེན་ཞིག་ཡིན་པས།  སྔོན་བྱུང་ལོ་རྒྱུས་ཀྱི་བརྗིད་ཆགས་པ་དང་དངོས་ཡོད་འཚོ་བའི་མདངས་གསལ་བའི་མདོ་སྨད་བྱང་གི་ཕྱོགས་ཀྱི་ཆུ་བོ་ཆེན་པོ་ཞིག་ཡིན་ནོ། །


རྨོག་རུ་དོན་གྲུབ་ཚེ་རིང་།1968ལོར། མཚོ་སྔོན་པོའི་ལྷོ་འགྲམ་གྱི་འབྲོག་སྡེ་ཞིག་ནས་སྐྱེས། རྩོམ་རིག་རམ་འབྱམས་པ།

སྔ་གཞུག་ཏུ་རྒྱལ་ནང་གི་དུས་དེབ་དང་ཚགས་པར་སྣ་ཚོགས་ཀྱི་སྟེང་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་པའི་རྩོམ་རིག་བརྩམས་ཆོས་ཉིས་བརྒྱ་ལྷག་ཙམ་དང་ཞིབ་འཇུག་ཆེད་རྩོམ་ཉི་ཤུ་ལྷག་སྤེལ། དགེ་གྲོགས་གཞན་དང་མཉམ་འབྲེལ་གྱིས《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》དང་།  《སློབ་ཆེན་བོད་ཀྱི་སྐད་ཡིག》 《རྨོག་རུ་སྡེ་བའི་ལོ་རྒྱུས》སོགས་འབྲི་རྩོམ་བྱས་ཏེ་སྔ་ཕྱིར་པར་དུ་བསྐྲུན།    སློབ་གླིང་དང་སློབ་གྲྭ་རིམ་པའི་སྔོན་ཐོན་མི་སྒེར་ཐེངས་དུ་མ་དང་སློབ་གྲྭ་ཡོངས་ཀྱི་ན་གཞོན་དགེ་རྒན་སློབ་ཁྲིད་འགྲན་བསྡུར་གྱི་ཨང་རིམ་དང་པོ་སོགས་ཀྱི་མཚན་སྙན་ཡང་བཞེས།

ད་ལྟ《མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》(བོད་ཡིག་པར་མ)ཀྱི་རྩོམ་སྒྲིག་པའི་འགན་བཞེས་ཡོད་ལ། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གྱི་ཡིག་བྲིས་པའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིག་འཇུག་གླིང་གི་ཞིབ་འཇུག་པ་བཅས་ཀྱི་འགན་བཞེས་མུས་སུ་བཞུགས་པ་ལགས་སོ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།