ཀྲུང་གོ་བོད་ཀྱི་དྲ་བ།

སྐད་འཕྲིན་ཐོག་དངུལ་སྤྲོད་ཐབས་ལ་ཚང་མས་མཉམ་འཇོག་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ད་ཆ་སྐད་འཕྲིན་དང་དངུལ་སྤྲོད་འབོ་ཡིས་ཐད་གར་ཉོ་ཚོང་རྒྱག་པ་དེ་ང་ཚོ་འཚོ་བའི་ཉོ་ཚོང་ཁྲོད་འཁྱེར་བདེ་སྤྱོད་བདེ་ཞིག་ཏུ་གྱུར་ནས་རྒྱུན་འབྱམས་སུ་སོང་ཡོད།

ཡིན་ན་ཡང་ཉེ་ལམ་བསྒྲགས་པའི་གནས་ཚུལ་ཞིག་ཏུ། སྐད་འཕྲིན་ཐོག་དངུལ་སྤྲོད་པར་ཡང་གཡོ་ཁྲམ་ཅན་འགའ་ཞིག་གིས་མགོ་སྐོར་བཏང་ནས་མི་གཞན་ལ་གྱོང་གུད་ཐེབས་ཀྱིན་ཡོད།

ཞ་མོན་གྱི་སྐུ་ཞབས་ཀྲང་གིས་དྲ་ཐོག་ནས་སྒོར200ཅན་གྱི་ཁ་པར་མཉེན་ཆས་ཤིག་ཉོས་ཤིང་དེར་སྐད་འཕྲིན་ཐོག་ཐད་ཀར་ཁུག་དམར་སྐུར་རྩིས་བྱེད་སྐབས། ཕ་རོལ་ཚོང་ཁང་གིས་དེ་མུར་ཁོ་ལ་ཁུག་དམར་གྱི་སྒོར་མོ་དེ་ཐད་ཀར་ཀུང་སིའི་རྩིས་ཐོ་ནང་འཇུག་མི་ཐུབ་པས་སྐུ་ཞབས་ཀྲང་ནས་གྲངས་གནས་བཅོ་ལྔ་ཅན་གྱི་དངུལ་སྤྲོད་ཨང་རྟགས་བསྐུར་ནས་དངུལ་སྤྲོད་རོགས་ཞེས་ལན་བསྐུར་བྱུང་བ་ལ། སྐུ་ཞབས་ཀྲང་གིས་ཇི་བཞིན་བསྐུར་རྗེས། ཕ་རོལ་པོས་ལམ་སང་ཁོའི་དངུལ་བྱང་ལས་སྒོར2800འཐེན་མ་ཐག ཚོང་ཁང་དེས་འཐེན་ནོར་བྱུང་སོང་བས་ཁྱེད་ཀྱིས་དངུལ་སྤྲོད་ཨང་རྟགས་ཡང་བསྐྱར་ཅིག་བསྐུར་དང་སྒོར་ལྷག་མ་ཕྱིར་བསློག་ངེས་ཟེར་བར་ཁོས་ཡང་བསྐྱར་དེ་བཞིན་དུ་བྱས་པ་ན། སྒོར་ལྷག་མ་དེ་ཕྱིར་སློག་རྒྱུ་ཕར་ཞོག ཡང་བསྐྱར་སྒོར1790གཡོ་འཐེན་བྱས་སོང་བ་རེད།

མགོ་སྐོར་དེ་འདྲ་ཐེབས་མཁན་སྐུ་ཞབས་ཀྲང་གཅིག་པུ་མ་ཡིན་ཏེ། གསར་འགོད་པས་སྲང་ལམ་གྱི་ཚོང་ཁང་ཕལ་ཆེ་བར་ཆ་རྒྱུས་མེད་པའི་གྲངས་གནས18ཅན་གྱི་དངུལ་སྤྲོད་ཨང་རྟགས་སྐོར་ནས་གནས་ཚུལ་འདྲི་ཞིབ་བྱེད་ཕྱིར་ཆེད་དུ་ཚོང་ཁང་ཆུང་ཆུང་ཞིག་ཏུ་འཛུལ་ནས་ཉམས་ཚོད་ལ་བརྟག་དུས་རྩ་གཉིས་ཨང་བཤེར་མི་དགོས་པར་ཐད་ཀར་གྲངས་གནས18གཏགས་ཚེ་དངུལ་སླ་བོར་སྤྲོད་ཐུབ་ཀྱིན་ཡོད་པ་རེད།

ལས་རིགས་ནང་ཁུལ་གྱི་མིས་བཤད་པ་ལྟར་ན། ཚོང་ཁང་གིས་རྩ་གཉིས་ཨང་བཤེར་དང་། ཐིག་རིས་ཚབ་ཨང་བཤེར་དུས་དོན་དམ་གྲངས་གནས18ཅན་གྱི་དངུལ་སྤྲོད་ཨང་རྟགས་དེ་མ་ལག་ནང་བཅུག་ཡོད་པས། ད་གཟོད་ཉོ་མཁན་གྱི་དངུལ་བྱང་ལས་མ་དངུལ་འཐེན་པ་ཡིན། གྲངས་གནས18པོའི་དངུལ་སྤྲོད་ཨང་རྟགས་དེ་ནི་ང་ཚོའི་ཐོབ་ཐང་ལག་ཁྱེར་ལྟ་བུ་ཡིན་པས་ཁྱེད་ཀྱིས་དངུལ་སྤྲོད་ཨང་རྟགས་དེ་གཡོ་ཁྲམ་ཅན་ལ་བསྟན་ན་ནི་གཡོ་འོག་མི་ཚུད་རང་ཚུད་ཡིན། དེ་བས་དངུལ་སྤྲོད་ཨང་རྟགས་ཐད་མཉམ་འཇོག་དགོས་པ་འགའ་གཤམ་གསལ་ཏེ།

གཅིག ཉོ་ཚོང་ཁྲོད་དུ་རྩ་གཉིས་ཨང་བཤེར་ཕབ་དུས་ཕ་རོལ་པོར་དངུལ་སྤྲོད་པ་ཤ་སྟག་ཡིན།

གཉིས། གང་བྱུང་དུ་དངུལ་སྤྲོད་ཨང་རྟགས་གཞན་ལ་བསྐུར་མི་རུང་། སྤྱིར་བཏང་ཉོ་ཚོང་ཁྲོད་འདི་ལྟ་བུའི་རེ་བ་གཞི་ནས་མེད།

གསུམ། སྐད་འཕྲིན→སྒོར་ཁུག→གཡས་ཀྱི་ཟུར་གོང་མའི་གདམ་ཀ་ལས་དངུལ་སྤྲོད་དོ་དམ་གྱི་ཁ་ཕྱེས་ནས་ལག་བརྡའི་གསང་གྲངས་བཀོད་ན། སྐད་འཕྲིན་ཐོག་དངུལ་སྤྲོད་དུས་ལག་བརྡའི་གསང་གྲངས་བཅུག་རྗེས་ད་གཟོད་དངུལ་སྤྲོད་ཀྱི་ཨང་རྟགས་སྟོན་ཐུབ་པས་འགན་སྲུང་གི་ཐབས་ཉག་གཅིག་ཡིན།

གཞན་ཡང་དུས་རྒྱུན་གྱི་ལས་ཀ་དང་འཚོ་བའི་ཁྲོད་དུ། རྒྱུས་མེད་པའི་རྩ་གཉིས་ཨང་རྟགས་མི་བཤེར་བ་དང་། རྒྱུས་མེད་ཀྱི་དྲ་གནས་གང་འདོད་ལྟར་ཁ་མི་ཕྱེས་རྒྱུ་ཧ་ཅང་གལ་ཆེ་བར་མ་ཟད། དངུལ་སྤྲོད་ཨང་རྟགས་ཁྲོད་ཀྱི་ཐིག་རིས་ཚབ་ཨང་དང་། རྩ་གཉིས་ཨང་རྟགས། ཨང་ཀི་བཅོ་བརྒྱད་པོ་བཅས་དོ་དམ་ཡག་པོ་བྱས་ནས་ཆ་མེད་རྒྱུས་མེད་ཀྱི་མི་ལ་སྟོན་མི་རུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།