ཀྲུང་གོ་བོད་ཀྱི་དྲ་བ།

ཐུམ་འབུའི་ནད་ཀྱི་སྔོན་འགོག་དང་གསོ་བཅོས་ཐད་ཀྱི་ཤེས་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐུམ་འབུའི་ནད་ཀྱི་སྔོན་འགོག་དང་གསོ་བཅོས་ཐད་ཀྱི་ཤེས་བྱའི་དྲི་བ་དྲིས་ལན།

ཐུམ་འབུའི་ནད་ནི་གནའ་སྔ་མོ་ནས་ཡོད་པའི་ནད་རིགས་ཤིག་ཡིན་ཏེ། སྤྱི་ལོ་སྔོན་གྱི2698-2599ལོའི་བར་དུ། རང་རེའི་རྒྱལ་ཁབ་ཀྱི་གསོ་བ་རིག་པས་ནད་འདི་ཟིན་ཐོར་བཀོད་ཡོད་པ་འདི་ལྟར། “རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཐུམ་སྐྲན་བྱུང་བ་དང་། ཐོག་མའི་དུས་སུ་ཐུམ་སྐྲན་དེ་ནི་བྱ་སྒོང་གི་ཆེ་ཆུང་དང་འདྲ་ཞིང་རིམ་གྱིས་ཇེ་ཆེར་གྱུར་ནས་མངལ་སྦྲུམ་པའི་སྦྲུམ་མ་ཞིག་དང་མཚུངས། དེ་ནས་ལོ་འགའ་འགོར་རྗེས། གསུས་སྟེང་དུ་མནན་ན་ཐུམ་སྐྲན་དེ་ཧ་ཅང་སྲ་མོ་ཡིན་པར་མ་ཟད་ད་དུང་ཕར་ཚུར་གནས་སྤོ་བའི་རང་བཞིན་ལྡན།”ཟེར། ཐུམ་འབུའི་ནད་ནི་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་ཕྲུག་དེ་མིའི་ལུས་སྟེང་ངམ་ཡང་ན་ནོར་ལུག་སོགས་རྩྭ་གཟན་སྲོག་ཆགས་ཀྱི་ལུས་སྟེང་དུ་འཁྲི་སྐྱེས་བྱུང་བ་ལས་བསྐྱེད་པའི་མི་ཕྱུགས་གཉིས་ཀར་མཉམ་དུ་འབྱུང་བའི་ས་གནས་ཀྱི་འགོས་མཆེད་རང་བཞིན་ལྡན་པའི་དལ་བའི་རང་བཞིན་གྱི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་ཞིང་། དེ་ལ་ཚེར་ཟླུམ་འབུ་ཕྲུག་གི་ནད་ཀྱང་ཟེར།

ཐུམ་སྐྲན་གྱི་འཁྲི་སྐྱེས་འབྱུང་སའི་གནས་མི་འདྲ་བ་ལྟར། ཐུམ་འབུའི་ནད་དེར་མཆིན་པའི་ཐུམ་སྐྲན་དང་གློ་བའི་ཐུམ་སྐྲན། ཀླད་པའི་ཐུམ་སྐྲན་སོགས་སུ་དབྱེ་ཆོག་ཅིང་། ཐུམ་སྐྲན་གྱི་མང་ཉུང་ལྟར། དེ་ལ་སྣ་གཅིག་རང་བཞིན་གྱི་ཐུམ་འབུའི་ནད་དང་སྣ་མང་རང་བཞིན་གྱི་ཐུམ་འབུའི་ནད་བཅས་རིགས་གཉིས་སུ་དབྱེ་ཆོག ཐུམ་སྐྲན་སྲིན་འབུའི་རྟེན་གནས་མི་འདྲ་བ་ལྟར། དེ་ལའང་མིའི་ལུས་སྟེང་གི་ཐུམ་འབུའི་ནད་དང་སྲོག་ཆགས་ཀྱི་ཐུམ་འབུའི་ནད་དམ་ཡང་ན་སྒོ་ཕྱུགས་ཀྱི་ལུས་སྟེང་གི་ཐུམ་འབུའི་ནད། ནོར་ལུག་གི་ཐུམ་འབུའི་ནད་སོགས་སུ་དབྱེ་ཆོག ཐུམ་སྐྲན་གྱི་འབྱུང་ལམ་མི་འདྲ་བ་ལྟར་དུ་ད་དུང་གདོད་འབྱུང་རང་བཞིན་གྱི་ཐུམ་འབུའི་ནད་དང་རྗེས་འབྱུང་རང་བཞིན་གྱི་ཐུམ་འབུའི་ནད་ཅེས་རིགས་གཉིས་སུ་དབྱེ་ཆོག ཐུམ་སྐྲན་གྱི་ངོ་བོ་མི་འདྲ་བ་ལྟར། ཡང་དེ་ལ་ཐུམ་གཟུགས་སྲིན་སྐྲན་དང་ཝུ་གཟུགས་སྲིན་སྐྲན་ཞེས་རིགས་གཉིས་སུ་དབྱེ་ཆོག དེ་ལས་ཐུམ་གཟུགས་སྲིན་སྐྲན་ནི་རྒྱུ་འབུ་ལེབ་རིང་ཆུང་བའི་ཁྲོད་ཀྱི་ཕྲ་རྡོག་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་ཕྲུག་གིས་བསྐྱེད་པའི་ནད་ཅིག་ཡིན་པ་དང་། ཝུ་གཟུགས་སྲིན་སྐྲན་ནི་རྒྱུ་འབུ་ལེབ་རིང་ཆུང་བའི་ནང་གི་ཐུམ་མང་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་ཕྲུག་གིས་བསྐྱེད་པའི་ནད་ཅིག་ཡིན།

གཅིག ཐུམ་འབུའི་ནད་ཀྱི་གནོད་པ་གཙོ་བོ་གང་དག་ཡིན་ནམ།

ཐུམ་འབུའི་ནད་ཀྱི་མིའི་ལུས་སྟེང་དུ་ཐད་ཀར་བསྐྱེད་པའི་གནོད་འཚེ་གཙོ་བོ་ནི་འཕྲུལ་ཆས་རང་བཞིན་གྱི་བཙན་གནོན་དང་དུག་རྒྱུའི་ནུས་པ་ཡིན་ཞིང་། དེའི་གནོད་པའི་ཚད་དེ་ཐུམ་སྐྲན་གྱི་འཁྲི་སྐྱེས་གནས་དང་ཆེ་ཆུང་། མང་ཉུང་། ངོ་བོ་དང་མཉམ་བྱུང་ནད་བཅས་དང་འབྲེལ་བ་ཟབ་མོ་ལྡན།

ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པར་ཐོག་མའི་དུས་སུ་མངོན་གསལ་གྱི་ནད་རྟགས་ཅི་ཡང་མེད་ལ། རིམ་གྱིས་ཐུམ་སྐྲན་དེ་ཇེ་ཆེར་གྱུར་ནས་ཉེ་འཁོར་གྱི་དོན་སྣོད་ལ་བཙིར་གནོན་ཐེབས་པ་ལས་བྱུང་བའི་མངོན་རྟགས་ནི། མཆིན་པའི་སྲིན་སྐྲན་གྱིས་རྒྱུན་པར་མཆིན་པའི་གནས་སུ་མི་བདེ་བ་དང་། ཕོ་བ་སྦོས་ཞིང་ཡི་ག་མེད་པ་སོགས་འབྱུང་། མཆིན་པའི་སྲིན་སྐྲན་ཆེ་བས་མཆིན་དྲི་ཇེ་མཐོར་སོང་བ་ལས་གློ་བར་བཙིར་གནོན་ཐེབས་ནས་དབུགས་འཚང་དུ་འཇུག་སྲིད། གློ་བའི་སྲིན་སྐྲན་གྱི་མངོན་རྟགས་ནི། བྲང་ཁའི་གནས་སུ་ན་བའམ་མི་བདེ་བ་འབྱུང་། གློ་བའི་སྲིན་སྐྲན་ཆེ་བས་གློ་ཡུའི་ཡན་ལག་ལ་བཙིར་གནོན་ཐེབས་སུ་བཅུག་པ་ལས་སྐམ་ལུ་བྱེད་ཅིང་། གློ་བའི་ཕུང་གྲུབ་མནན་པ་ལས་སྙིང་ཁམས་མི་བདེ་བ་འབྱུང་། དེ་ལས་གཞན་ཀླད་པ་དང་མཁལ་མ། སྙིང་བཅས་ཀྱི་གནས་སུ་ཐུམ་སྐྲན་བྱུང་ཚེ་དེ་ལས་ཀྱང་ཚབས་ཆེ།

1.ཐུམ་འབུ་རེད་པ། ཐུམ་འབུ་ལ་མཉམ་སྒྲིལ་རེད་པ་བྱུང་ཚེ་རྣག་ནས་སྐྲངས་སྲིད་པ་དང་། ལུས་ཡོངས་སུ་གཉན་ཚད་རྒྱས་ནས་གྲང་ཤུམ་བྱེད་པ་དང་ཚ་རྒྱས་པ་སོགས་དུག་ཁྲག་གི་ནད་རྟགས་འབྱུང་སྲིད། དེ་དང་བསྡོངས་ནས་མཁྲིས་སེར་གྱི་རྟགས་འབྱུང་བར་མ་ཟད། ལུ་བ་དང་ཁྲག་ཞན་པ། ཤ་སྐམ་པ་སོགས་འབྱུང་།

2.ཐུམ་འབུ་རལ་གས་བྱུང་བ། རལ་གས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་བཙིར་གནོན་ཐེབས་པ་དང་། དེ་ནས་ཐུམ་འབུའི་གནས་དེར་གཡོ་འགུལ་ཐེབས་པ། རེད་པ་ལས་ཁུང་བུ་རྡོལ་བ་དང་རང་བཞིན་གྱིས་རལ་གས་བྱུང་བ་སོགས་ཡོད།

3.ཁྲག་སྐྱོད་སྤོ་སྒྱུར། རལ་གས་བྱུང་ནས་ལྷུང་བའི་ཝུ་གཟུགས་སྲིན་སྐྲན་གྱི་ཕུང་གྲུབ་ཆ་ཤས་དེ་ཁྲག་རྒྱུན་འཁོར་སྐྱོད་དང་འབྲེལ་ནས་དོན་སྣོད་གཞན་པར་ནད་དེ་བསྐྱེད་པ་ཡིན་ལ། ལྷག་པར་དུ་མཆིན་པའི་སྲིན་སྐྲན་དེ་གནས་གཞན་དུ་མཆེད་ནས་གློ་བའི་སྲིན་སྐྲན་དང་ཀླད་པའི་སྲིན་སྐྲན་སློང་བ་ནི་ཆེས་རྒྱུན་མཐོང་ཤིག་རེད།

4.མཆིན་པའི་རྩ་བོ་ཆེའི་མཐོ་གནོན། མཆིན་པའི་སྲིན་སྐྲན་ཆེན་པོ་དེ་རྒྱུན་པར་མཆིན་པའི་རྩ་བོ་ཆེའི་མཐོ་གནོན་དང་བསྡོངས་སྲིད། དེའི་བྱེ་བྲག་གི་མངོན་རྟགས་ནི། མཆིན་པ་དང་མཚེར་བ་ཇེ་ཆེར་འགྱུར་བ་དང་། ཆུ་བསོག་པ། སྐྲངས་པ། གསུས་ལྡེབས་སྡོད་རྩ་འཁྱོག་བརྐྱངས་དང་ཉམས་རྒུད། རིད་པ་བཅས་འབྱུང་།

གཉིས། ཐུམ་འབུའི་ནད་ཀྱི་འགོས་མཆེད་ཀྱི་ཚད་ག་འདྲ་ཡིན་ནམ།

ཐུམ་འབུའི་ནད་ནི་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་ཕྲུག་གིས་བསྐྱེད་པའི་མི་ཕྱུགས་གཉིས་ཀར་འབྱུང་བའི་རིམས་ནད་ཅིག་ཡིན་ཞིང་། དེ་ནི་འཛམ་གླིང་རང་བཞིན་གྱི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་ཞིག་རེད། མིའི་ལུས་སྟེང་གི་ཐུམ་འབུའི་ནད་ལ་ཐུམ་གཟུགས་སྲིན་སྐྲན་དང་ཝུ་གཟུགས་སྲིན་སྐྲན། ཐུམ་གཟུགས་དང་ཝུ་གཟུགས་མཉམ་བྱུང་གི་རྣམ་པ་བཅས་རིགས་གསུམ་དུ་དབྱེ་ཆོག ནད་དེ་ནི་ན་ཡུན་རིང་ཞིང་ཤི་ཚད་མཐོ། སྤྱི་ལོ་ཉིས་སྟོང་བཞིའི་ལོར་རྒྱལ་ཡོངས་སུ་ཐུམ་འབུའི་ནད་ལ་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། རྒྱལ་ཡོངས་སུ་ཐུམ་འབུའི་ནད་མཆེད་པའི་ས་ཁུལ་གྱི་མི་རྣམས་ཀྱི་དྭངས་ཁྲག་ལ་ཆ་སྙོམས་ཀྱིས་རེད་པ་བྱུང་ཚད་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དགུ་བརྒྱད་ཡིན་པ་དང་། ཆ་སྙོམས་ཀྱིས་ནད་དེ་བྱུང་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་ཐིག་བརྒྱད་བཞི་ཡིན་པ་རེད། གཙོ་བོར་ཞིང་ཅང་དང་། མཚོ་སྔོན། ཀན་སུའུ། ཉིན་ཞ། བོད་ལྗོངས། ནང་སོགས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་འགོས་མཆེད་ཚབས་ཆེ། ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་ཆུང་བས་བསྐྱེད་པའི་ཐུམ་གཟུགས་སྲིན་སྐྲན་དང་ཐུམ་མང་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གིས་བསྐྱེད་པའི་ཝུ་གཟུགས་སྲིན་སྐྲན་བཅས་ཚང་མ་ཚད་མི་འདྲ་བའི་སྒོ་ནས་འགོས་མཆེད་འབྱུང་བཞིན་ཡོད།

གསུམ། མི་དང་ནོར་ལུག་སོགས་ལ་ཐུམ་འབུའི་ནད་ཇི་ལྟར་འགོས་པ་ཡིན་ནམ།

མི་དང་ནོར་ལུག་སོགས་ལ་ཐུམ་འབུའི་ནད་འགོས་སླ་སྟེ། ཐུམ་འབུའི་ནད་མཆེད་པའི་ས་ཁུལ་དང་ལྷག་པར་དུ་འགོས་མཆེད་ཚབས་ཆེ་བའི་ས་ཁུལ་དུ་ནམ་རྒྱུན་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་སྒོང་གིས་བརྫད་སྐྱོན་བཟོས་ནས་ཐུམ་འབུའི་ནད་བགོ་སྲིད། ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་སྒོང་ནི་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་ཆེ་བས་ཕྱིར་བཏང་བའི་སྒོ་ང་ཡིན། ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་ཆེ་བ་དེ་ཁྱི་དང་སྤྱང་ཀི ཝ་སོགས་ཤ་གཟན་སྲོག་ཆགས་ཀྱི་རྒྱུ་མའི་ནང་དུ་གནས་ཡོད་ཅིང་། ཚད་ངེས་ཅན་ཞིག་འགོར་རྗེས། སྲོག་ཆགས་དེ་དག་གིས་བྲུན་དང་མཉམ་དུ་ཕྱིར་ཕུད་པའི་འབུ་སྒོང་མང་པོ་དེས་ཁོར་ཡུག་ལ་བརྫད་སྐྱོན་བཏང་བ་རེད། ནོར་ལུགས་སོགས་རྩྭ་གཟན་སྲོགས་ཆགས་ཀྱིས་རྩྭ་ཟ་སྐབས་དང་ཆུ་འཐུང་སྐབས། འབུ་སྒོང་གིས་བརྫད་སྐྱོན་ཐེབས་པའི་རྩྭ་དང་ཆུ་སོགས་འཐུང་ནས་ནད་དེ་འགོས་པ་རེད། ང་ཚོ་མིས་ཀྱང་འབུ་སྒོང་གིས་བརྫད་སྐྱོན་ཐེབས་པའི་ཆུ་དང་ཟས་རིགས་ཟོས་པའམ་ཡང་ན་ཁྱི་དང་རི་སྐྱེས་སྲོག་ཆགས་སོགས་ལ་རེག་ཐུག་བྱས་པ་ལག་པ་བརྒྱུད་ནས་ནད་དེ་འགོས་པ་རེད།

བཞི། ཁྱི་སོགས་ཤ་གཟན་སྲོག་ཆགས་ནི་ཇི་ལྟར་ཐུམ་འབུའི་ནད་འགོས་མཆེད་ཀྱི་འབྱུང་རྐྱེན་དུ་གྱུར་པ་ཡིན་ནམ།

ཐུམ་འབུའི་ནད་ནི་འགོས་ནད་ཅིག་ཡིན། ཁྱི་སོགས་ཤ་གཟན་སྲོག་ཆགས་ནི་ནད་དེའི་མཆེད་ཁུངས་གཙོ་བོ་ཡིན། རྒྱུ་མཚན་ནི་སྲོག་ཆགས་དེ་དག་གི་རྒྱུ་མའི་ནང་དུ་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་སྐྱེས་འཕེལ་འབྱུང་བཞིན་ཡོད་པར་མ་ཟད། ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་གི་འབུ་སྒོང་མང་པོ་ཕྱིར་ཕུད་བཞིན་ཡོད་པས། ཐུམ་འབུའི་ནད་ཀྱི་འབྱུང་རྐྱེན་དུ་མི་འགྱུར་རང་འགྱུར་ཡིན། དེས་ན་སྲོག་ཆགས་དེ་དག་གི་རྒྱུ་མའི་ནང་གི་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་དེ་དག་ཇི་ལྟར་སྐྱེས་འཕེལ་བྱུང་བ་ཡིན་ནམ་ཟེར་ན། དེ་ནི་ཁྱི་སོགས་ཤ་གཟན་སྲོག་ཆགས་ཀྱིས་ཐུམ་གཟུགས་སྲིན་སྐྲན་ཡོད་པའི་ནོར་ལུག་སོགས་རྩྭ་གཟན་སྲོག་ཆགས་ཀྱི་ཤ་ཟོས་པའི་རྗེས་ཀྱི་ཉིན་ཞེ་ལྔ་ཡས་མས་སུ། སྨིན་ཟིན་པའི་ཟླུམ་ཚེར་ཅན་གྱི་རྒྱུ་འབུ་ལེབ་རིང་མང་པོ་ལུས་སྟེང་དུ་སྐྱེས་འཕེལ་འབྱུང་ཞིང་། ཟླུམ་ཚེར་ཅན་གྱི་རྒྱུན་འབུ་ལེབ་རིང་གི་འབུ་སྒོང་མང་པོ་ཕྱིར་བཏང་ནས་ནད་དེའི་འབྱུང་གནས་སུ་གྱུར་པ་རེད། དེ་ལྟར་གཅིག་གིས་གཅིག་ལ་བགོས་པ་ལས་ཐུམ་འབུའི་ནད་ཀྱི་མཆེད་ཚད་སྔར་ལས་ཇེ་ཆེར་གྱུར་ཏེ། མི་དང་ནོར་ལུག་སོགས་སྲོག་ཆགས་ལ་གནོད་པ་བསྐྱལ་ཚད་ཀྱང་སྔར་ལས་ཚབས་ཆེན་དུ་གྱུར་པ་རེད།

ལྔ། མི་ལ་ཐུམ་འབུའི་ནད་བྱུང་ཚེ་ཇི་ལྟར་ནད་བརྟག་ངོས་འཛིན་དང་གསོ་བཅོས་བྱེད་དགོས། 

ཐུམ་འབུའི་ནད་ཀྱི་ནད་བརྟག་ངོས་འཛིན་གྱི་ཚད་གཞི་ནི། དུས་མཚུངས་སུ་གཤམ་གྱི་ཆ་རྐྱེན་འདི་དག་ཀྱང་ཚང་དགོས་ཏེ།

1.ཐུམ་འབུའི་ནད་འགོས་མཆེད་ཆེ་བའི་ས་ཁུལ་དུ་བསྡད་ཡོད་པ་དང་། གནས་སྐོར་དང་རྔོན་པའི་ལས་བྱས་མྱོང་བ། ཡང་ན་ཁྱི་དང་ནོར། ལུག་སོགས་ཁྱིམ་དུ་གསོས་ཡོད་པའི་སྲོག་ཆགས་སམ་ཝ་དང་སྤྱང་ཀི་སོགས་རི་སྐྱེས་སྲོག་ཆགས་དང་དེ་དག་གི་པགས་པ་དང་བལ་སྤུ་བཅས་ལ་རེག་ཐུག་བྱེད་པའི་མི། ཡང་ན་ཐུམ་འབུའི་ནད་མཆེད་པའི་ས་ཁུལ་དུ་བསྡད་མེད་ཀྱང་ཐུམ་འབུའི་ནད་མཆེད་པའི་ས་ཁུལ་གྱི་སྒོ་ཕྱུགས་སྐྱེལ་འདྲེན་དང་བཤའ་བ། ཤའི་ཐོན་རྫས་དང་གོ་བལ་ཐོན་རྫས་ལས་སྣོན་བྱེད་མཁན་བཅས་ཡིན་པའི་མི།

2. B སྒྲ་རླབས་དངXགློག་པར། CT བརྟག་དཔྱད་སོགས་བརྒྱུད་ནས་ཐུམ་འབུའི་ནད་ཀྱི་མངོན་རྟགས་ཡོད་པར་ཤེས་པ། ཡང་ན་གནས་འཕྲོག་རང་བཞིན་གྱི་ནད་འགྱུར་བྱུང་ཡོད་པར་མ་ཟད་ཐུམ་འབུའི་ནད་དང་འབྲེལ་བའི་ཁྱད་དམིགས་རང་བཞིན་གྱི་འགོག་གཟུགས་སམ་འཁོར་རྒྱུན་གདོད་འགོག་གམ་རིམས་ཐར་མཉམ་འདུས་རྫས་ཡོད་པར་ངོས་བཟུང་བ།

3. རྒྱུ་རྐྱེན་གཞན་དག་ལས་བསྐྱེད་པའི་མཆིན་པ་དང་གློ་བ་སོགས་ལ་གནས་འཕྲོག་རང་བཞིན་གྱི་ནད་རིགས་བྱུང་བ་ཕུད་དགོས།

འདི་ནས་ནན་བཤད་བྱེད་དགོས་པ་ཞིག་ནི། ཐུམ་འབུའི་ནད་མཆེད་པའི་ས་ཁུལ་དུ་ཡུན་རིང་བོར་བསྡད་པའི་མི་དང་ཕྱི་ཡོང་གི་མི་རྣམས་གནས་དེ་རུ་དུས་ཡུན་ཐུང་ངུའི་རིང་བསྡད་པའམ་ཡང་ན་གནས་དེའི་ཁྱི་སོགས་ལ་རེག་ཐུག་བྱས་པའི་མིས་ངེས་པར་དུ་དུས་གཏན་འཁེལ་སྒོས་ཐུམ་འབུའི་ནད་ཀྱི་བརྟག་དཔྱད་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ། ལྷག་པར་དུ་མཆིན་པའི་གནས་སུ་མི་བདེ་བའི་ཚོར་བ་ཡོད་པའི་མིས་དུས་ཐོག་ཏུ་བརྟག་དཔྱད་བྱས་ཏེ། སྔ་མོ་ནས་ངོས་འཛིན་དང་སྔ་མོ་ནས་གསོ་བཅོས་བྱེད་དགོས།

དྲུག ཐུམ་འབུའི་ནད་དེ་ཇི་ལྟར་སྔོན་འགོག་དང་ཚོད་འཛིན་བྱེད་དགོས།

ཐུམ་འབུའི་ནད་ནི་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ་པ་ཞིག་ཡིན། ཧུར་ཐག་སྒོས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱད་ཚེ། ཐུམ་འབུའི་ནད་མཆེད་པའི་ས་ཁུལ་དུ་སྡོད་པའི་བདེ་ཐང་གི་མི་དང་ཕྱི་ཡོང་གི་མི་སྣར་ནད་དེ་འགོས་མི་སྲིད། ཐུམ་འབུའི་ནད་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་གཙོ་བོ་ནི་ནད་ཀྱི་འབྱུང་ཁུངས་མེད་པར་བཏང་སྟེ་འགོ་ལམ་གཅོད་རྒྱུ་དེ་ཡིན། བྱེ་བྲག་གི་བྱེད་ཐབས་ནི།

1.ཁྱི་ལ་བདག་སྐྱོང་ནན་མོ་བྱེད་པ། ཧུར་ཐག་སྒོས་ཁྱིའི་ཁོག་གི་འབུ་འདེད་པའི་གསོ་བཅོས་བྱེད་དགོས། རོང་འབྲོག་ཁུལ་དུ་རབ་ཡིན་ན་ཁྱི་མི་གསོ་བ་དང་ཇེ་ཉུང་དུ་བཏང་ན་བཟང་། ཁྱིམ་དུ་གསོས་ཡོད་པའི་སྒོ་ཁྱི་ལའང་གང་འདོད་ལྟར་ཤ་རློན་པ་དང་ནང་ཁྲོལ་སོགས་མི་སྟེར་བ་དང་ད་དུང་དུས་ལྟར་སྨན་ལྡུད་དགོས།

2.བཤས་རར་དོ་དམ་ནན་མོ་བྱེད་དགོས། བཤས་རའི་སྡེ་ཁག་སོ་སོའི་རང་འགུལ་སྒོས་འབྲེལ་ཡོད་སྡེ་ཁག་གི་འཕྲོད་བསྟེན་ལྟ་སྐུལ་དང་ལེན་བྱས་ཏེ། ཐུམ་འབུའི་ནད་ཡོད་པའི་སྲོག་ཆགས་ཀྱི་ནང་ཁྲོལ་དེ་གང་འདོད་དུ་འདོར་བའམ་ཁྱི་ལ་སྟེར་བ་སོགས་མི་བྱེད་པར་ས་འོག་ཏུ་སྦས་བ་སོགས་བྱས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། དགུན་ཁ་དང་དཔྱིད་ཀའི་དུས་སུ་ནད་ཀྱིས་ཤི་བའི་ཕྱུགས་ཟོག་གི་ཤའང་ས་འོག་ཏུ་སྦས་པའམ་མེར་བསྲེགས་པ་སོགས་བྱས་ནས་ཐག་གཅོད་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཁྱི་ལྡོམ་དང་སྤྱང་ཀི་སོགས་ཀྱིས་ཟོས་པ་ལས་ནད་དེ་འགོས་ནས་ཕྱིར་མི་དང་སྒོ་ཕྱུགས་ལ་བགོ་སྲིད།

3.འཕྲོད་བསྟེན་གཙང་སྦྲའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་དགོས། ཁྱི་དང་སྤྱང་ཀི་སོགས་རི་སྐྱེས་ཤ་གཟན་སྲོག་ཆགས་སམ་དེ་དག་གི་བྲིན་གྱིས་བརྫད་པའི་དངོས་རྫས་སོགས་ལ་གང་ནུས་ཀྱིས་རེག་ཐུག་མི་བྱེད་པ། ཟ་མ་མ་ཟོས་གོང་དང་སྤྱོད་ཁང་དུ་བུད་རྗེས་བཅས་སུ་ལག་པ་གཙང་མར་བཀྲུ་བའི་གོམས་གཤིས་ཆགས་སུ་བཅུག་ནས། ནད་རིགས་སྣ་ཚོགས་ཁ་ནས་འགོ་བ་སྔོན་འགོག་བྱེད་དགོས།

4.འཐུང་ཆུའི་གཙང་སྦྲ་ལེགས་བཅོས་བྱེད་དགོས། མི་ཕྱུགས་གཉིས་ཀས་མཉམ་དུ་སྤྱོད་པའི་བསྐྱིལ་ཆུ་དང་། རྐ་ཆུ་སོགས་ལ་བརྫད་སྐྱོན་འབྱུང་སླ་བས། དེ་དག་གི་གཙང་སྦྲར་དོ་སྣང་བྱེད་དགོས་ལ། རབ་ཡིན་ན་དོང་ཆུ་དང་རང་འབབ་ཆུ་བཀོལ་ན་ལེགས། དུས་མཚུངས་སུ་མི་རྣམས་ཀྱིས་རང་རྟོགས་སྒོས་མཉམ་དུ་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་བྱས་ནས། ཆུ་ཁུངས་ལ་བརྫད་སྐྱོན་ཐེབས་པར་སྔོན་འགོག་བྱེད་དགོས།

5.བདེ་ཐང་གི་སློབ་གསོར་ཤུགས་སྣོན་དགོས། བདེ་ཐང་གི་ཤེས་བྱའི་རྨང་གཞི་ཞན་པ་དང་ཟས་སྤྱོད་མི་ལེགས་པ་ནི་ཐུམ་འབུའི་ནད་འགོས་མཆེད་འབྱུང་བའི་རྒྱུ་རྐྱེན་དུ་གྱུར་ཡོད། སྲིད་གཞུང་སྡེ་ཁག་གིས་ཐུམ་འབུའི་ནད་མཆེད་པའི་ས་ཁུལ་དུ་ཤུགས་ཆེན་པོས་ཐུམ་འབུའི་ནད་ཀྱི་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་པ་ལས་གཞན། རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཀྱང་ཕན་ཚུན་ལ་རོགས་རམ་དང་སློབ་སྟོན་བྱས་ནས་མང་ཚོགས་ཀྱི་སྔོན་འགོག་དང་ཚོད་འཛིན་ནུས་པ་ཇེ་མཐོར་གཏོང་དགོས། སློབ་འབྲིང་དང་སློབ་ཆུང་གི་སློབ་ཚན་དུ་ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་བདེ་ཐང་སློབ་གསོའི་སློབ་ཁྲིད་བཙུགས་ནས། སློབ་འབྲིང་དང་སློབ་ཆུང་སློབ་མས་ཁྱིམ་བདག་དང་སྤྱི་ཚོགས་ལ་རྒྱ་ཆེར་དྲིལ་སྒྲོག་བྱེད་དུ་འཇུག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།