ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་དུས་སུ་བ་གླང་དང་ར་ལུག་ལ་སྦོས་ནད་འཕོག་སླ་བའི་རྒྱུ་མཚན་ཅི་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོ་མི་ལ་ཆ་མཚོན་ན་གལ་ཏེ་བཟའ་བཏུང་འཚམ་པོ་མ་བྱུང་བའམ་བཟའ་བཏུང་གང་བྱུང་བའམ་བཟའ་བཏུང་གང་བྱུང་མ་བྱུང་ཟོས་ཚེ་ཕོ་བ་ན་བ་རེད། དེ་བཞིན་བ་གླང་དང་ར་ལུག་གིས་ཀྱང་མེ་ཏོག་བཞད་གྲབས་ཡོད་པའི་རྩྭ་མུའུ་ཞུས་དང་། སྲན་རིགས་ཀྱི་ཡལ་ག་དང་ལོ་མ་གསར་བ། རུལ་སུངས་སུ་གྱུར་བའི་རྩ་བ་དང་ཚལ་རིགས། སྦང་མ། སྤུངས་ནས་ཡུན་རིང་འགོར་བའི་སྔོ་རྩྭ་སོགས་ཟ་ཐེངས་གཅིག་ལ་མང་པོ་ཟོས་ཚེ་ཕོ་བ་ན་བ་རེད། སྦོས་ནད་ནི་ཕོ་ནད་བྱེ་བྲག་ཅིག་རེད།

འོ་ན་དཔྱིད་དུས་སུ་བ་གླང་དང་ར་ལུག་ལ་ནད་དེ་རིགས་འཕོག་སླ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དཔྱིད་ཀ་ནི་རྩྭ་རིགས་སྐྱེ་འཕེལ་གྱི་དུས་ཚིགས་ཡིན་པས་རྩྭ་རྣམས་སོས་པ་ཡིན་པ་དང་ཆུ་མང་བ་མ་ཟད། སྤྲི་དཀར་གྱི་རིགས་ཀྱང་མང་ཞིང་། བ་གླང་དང་ར་ལུག་གིས་དགུན་ཁ་གཅིག་གི་རིང་ལ་རྩྭ་སྔོན་ཟ་རྒྱུ་མ་རག་པས་ཟ་ཚོད་མེད་པར་བརྟེན། རྩྭ་སྔོན་སེམས་ཅན་གྱི་ཕོ་བ་དང་པོའི་ནང་མ་འཇུ་བར་མྱུར་དུ་འཕེལ་ཏེ་རླངས་པ་མང་པོ་ཐོན་ནས་ཕྱིར་འབུད་མ་ཐུབ་པར་ཕོ་བའི་ནང་ནས་སྤོས་ཡོང་གི་ཡོད་པ་རེད།

བ་ལང་དང་ར་ལུག་ལ་ནད་དེ་ཕོག་རྗེས་གལ་ཏེ་དུས་ཐོག་ཏུ་སྐྱོབ་བཅོས་མ་བྱས་ན་ལྡད་བཅས་མཚམས་ཆད་པ་དང་། དབུགས་གཏོང་དཀའ་བ། ཁྲག་རྒྱུན་འཁོར་རྒྱུག་བྱེད་པར་འགལ་རྐྱེན་ཚབས་ཆེན་བྱུང་སྟེ། ཁ་ནས་ཝུ་བ་ཐོན་ནས་མགྱོགས་པོར་ཤི་འགྲོ་བ་རེད།

བ་གླང་དང་ར་ལུག་གི་ནད་དེ་རིགས་མི་འཕོག་པར་སྔོན་འགོག་བྱ་ཆེད། དཔྱིད་ཀ་སླེབས་ལ་ཉེ་དུས་གཟན་ཆས་རིམ་བཞན་མང་དུ་བཏང་སྟེ་བ་གླང་ར་ལུག་གི་ཕོ་བར་འཕྲོད་ཤུགས་རིམ་བཞིན་ཆེ་རུ་འགྲོ་བ་བྱ་དགོས། དཔྱིད་ཀ་ཕྱུགས་ཟོག་འཚོ་སྐབས་ཟ་ཐེངས་གཅིག་ལ་རྩྭ་སྔོན་མང་པོ་ཟ་རུ་མི་འཇུག་པར་ཚོད་འཛིན་བྱ་དགོས་། ཞོགས་པ་ཟིལ་ཆུ་མ་ཡལ་གོང་དུ་བ་གླང་དང་ར་ལུག་འཚོ་རྒྱུའང་མེད། དེ་འདྲ་བྱས་ན་ནད་མི་འཕོག་པར་སྔོན་འགོག་བྱ་ཐུབ་པ་རེད།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།