ཞོག་ཁོག་ཁོག་ནག་དང་ཁོག་སྟོང་མི་ཆགས་པ་བྱེད་ཐབས།

ཞོག་ཁོག་ཁོག་ནག་དང་ཁོག་སྟོང་ཆགས་པ་དེ་ནི་སྐྱེ་དངོས་ཀྱི་ནད་རྟགས་ཤིག་ཡིན་ཏེ་ཞིབ་ཕྲའི་ནད་རྐྱེན་དང་། ནད་རྟགས། སྔོན་འགོག་བྱ་ཐབས་བཅས་གཤམ་གསལ།

དང་པོ། ཞོག་ཁོག་གི་རྡོག་གཟུགས་སྡོང་རྐང་ནག་པོ་ཆགས་པའི་ནད། 

1.ནད་རྟགས། ཞོག་ཁོག་གི་ལྟེ་བར་ངེས་བརྟན་མེད་པར་མདོག་སྔོན་པོ་དང་ནག་པོའི་རི་མོ་ཆགས་ཤིང་ཐ་ན་ཚབས་ཆེ་བའི་སྐབས་རྡོག་རིལ་གྱི་ཕལ་ཆེ་བའམ་ཡོངས་རྫོགས་ནག་པོར་འགྱུར་གྱི་ཡོད།

 2.ནད་རྐྱེན། དེ་ནི་ཞོག་ཁོག་གི་སྡོང་རྐང་ནང་དབྱང་རླུང་མི་འདང་བའི་རྐྱེན་ལས་བྱུང་བ་རེད། ཞོག་ཁོག་གསོག་ཉར་བྱེད་སྐབས་གསོག་ཉར་དོང་བུའི་ཁ་དམ་པོ་མ་བྱུང་བའམ་ཡང་ན་ཞོག་ཁོག་ཕུང་གསོག་ཆེ་དྲགས་པ། དེ་མིན་ ཞོག་ཁོག་འདེབས་འཛུགས་བྱེད་སའི་ས་རྒྱུ་མཁྲེགས་ཤིང་རླུང་རྒྱུག་ཞན་པའི་རྐྱེན་གྱིས་ས་རྒྱུའི་ནང་དབྱང་རླུང་མི་འདང་བའི་རྐྱེན་གྱིས་ནད་དེ་རིགས་ཐོན་སྲིད། ཡང་ན་ཞོག་ཁོག་གི་ཁོག་པ་ནག་པོར་གྱུར་པ་དེ་དྲོད་ཚད་དང་འབྲེལ་བ་ཡོད། སྤྱིར་ན་དྲོད་ཚད་ཅུང་དམའ་བོ་ཡོད་ན་ནད་རྟགས་དེ་རིགས་ཐོན་འགོར་བ་དང་ཞོག་ཁོག་གི་ནད་སྐྱོན་ཡང་ཆུང་བ་དང་། དེ་ལས་ལྡོག་སྟེ་དྲོད་ཚད་ཅུང་ཆེ་དྲགས་ན་ནད་དེ་ཐོན་སྲིད། 

3.སྔོན་འགོག་བྱེད་ཐབས། ཞོག་ཁོག་གསོག་ཉར་བྱེད་རིང་གསོག་ཉར་དོང་བུའམ་གསོག་ཉར་གྱི་རླུང་འགྲོའི་ཐད་ཡིད་གཟབ་བྱེད་དགོས་པ་དང་ཞོག་ཁོག་འདེབས་འཛུགས་བྱེད་སྐབས་ས་རྒྱུ་སོབ་སོབ་གདམ་རྒྱུ་དེ་གཉིས་གཙོ་བོ་ཡིན་པ་རེད།

གཉིས་པ། ཞོག་ཁོག་གི་ཁོག་སྟོང་ཆགས་པའི་ནད། 

1.ནད་རྟགས། ཞོག་ཁོག་ཁོག་སྟོང་ཆགས་པའི་ནད་དེ་ཕལ་ཆེ་བ་ཞོག་ཁོག་གི་རྐང་མར་ཆགས་ཤིང་ཁོག་སྟོང་གི་བཟོ་ལྟ་མང་ཆེ་བ་སྐར་མའི་དབྱིབས་བཞིན་ཁ་འགྱེད་འགྲོ་བའི་བཟོ་ལྟའམ་ཡང་ན་ལེབ་ལེབ་ཡིན། སྐབས་རེ་ཁོག་སྟོང་འགའ་ཕན་ཚུན་འབྲེལ་ཡོད་ཅིང་ཁོག་པའི་ངོས་སུ་ཁ་མདོག་དཀར་པོའམ་སྨུག་ནག་ཐོན་པ་དང་ཕྱི་ངོས་སུ་ནད་རྟགས་གང་ཡང་ཐོན་གྱི་མེད། སྤྱིར་ན་ཞོག་ཁོག་གི་སྡོང་རྐང་ཆེ་བར་ཁོག་སྟོང་ཆགས་སླ།

2.ནད་རྐྱེན། གཙོ་གནད་གཉིས་ཡོད་དེ། ཞོག་ཁོག་གི་རྡོག་རིལ་ཆེ་ཞིང་སྡོང་རྐང་སྦོམ་པར་ཆུ་མང་དྲགས་པའམ་ཡང་ན་རྡོག་གཟུགས་སྡོང་རྐང་ཇེ་ཆེར་མ་སོང་གོང་ས་རྒྱུ་ཐན་སྐམ་བྱུང་རྗེས་སུ་ཆུ་མང་དྲགས་ན་སྡོང་རྐང་ནང་ཆུ་འཐེན་ཤུགས་ཆེ་རུང་སྡོང་རྐང་ནང་གི་སྐམ་ངོས་ལ་ཡོངས་སུ་མ་འཐུམ་པས་ཁོག་སྟོང་ཆགས་སྲིད། དེ་མིན་རྫས་འགྱུར་ཅཱ་ལུད་མི་འདང་བས་ཞོག་ཁོག་གི་རྡོག་རིལ་ནང་བཅུད་ལྡན་རྒྱུ་ཆ་བསྡུ་ལེན་བྱེད་དལ་བའི་རྐྱེན་གྱིས་དུས་ཐོག་ཏུ་སྟོང་ཆ་ཁ་མ་གང་བར་བརྟེན་ཁོག་སྟོང་ཆགས་སླ།

3.སྔོན་འགོག་བྱེད་ཐབས། ཞོག་ཁོག་གི་སྡོང་རྐང་སྦོམ་དུ་འགྲོ་སྐབས་ཆུ་གཏོང་ཚད་རན་པོ་དགོས་པ་དང་ས་རྒྱུའི་གཤེར་ཚད་ཡང་ཚད་རན་པོ་དགོས་པ་མ་ཟད་ལུགས་མཐུན་གྱི་འདེབས་འཛུགས་དང་སྲབ་མཐུག་རན་པོ་བྱ་དགོས། རྫས་འགྱུར་ཅཱ་ལུད་ཁ་སྣོན་རྒྱག་པ། ས་སྣོན་རྒྱག་རྒྱུར་ཡིད་གཟབ་བྱ་དགོས་སོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།