ཀྲུང་གོ་བོད་ཀྱི་དྲ་བ།

ཆུ་འཐུང་རྒྱུ་མང་ན་ལུས་ཕུང་ལ་གནོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཤད་རྒྱུན་དུ་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ཟེར། དེང་སྐབས་ཚགས་པར་དང་དུས་དེབ་བཅས་ཚང་མའི་སྟེང་དུ། བདེ་ཐང་གི་ཆེད་དུ་ཉིན་རྒྱུན་ཆེས་ཉུང་ནའང་ཆུ་ཕོར་བ་བརྒྱད་ཙམ་འཐུང་དགོས་ཟེར། དེས་ན་ཆུ་འཐུང་ཚད་ཇི་ལྟར་མང་ན་ལུས་ཕུང་བདེ་ཐང་ལ་དེ་ལྟར་ཕན་པ་ཡིན་ནམ་ཞེ་ན། དོན་དངོས་སུ་དེ་འདྲ་ཞིག་མིན་ཏེ།

ཆུ་འཐུང་ཚད་མང་ན་ཆུ་དུག་ཕོག་སྲིད།

ཆུ་འཐུང་ཚད་མང་ན་ལུས་ཕུང་ལ་མཁོ་བའི་ཆུ་བསྡུ་ལེན་བྱས་པ་ཕུད། ལྷག་མ་རྣམས་དྲི་ཆུ་དང་རྔུལ་ཆུ་ལས་དུས་ཚོད་ཐུང་ངུའི་ནང་ཕྱིར་ཕུད་དགོས། ཡིན་ནའང་ཆུ་ཕྱིར་ཕུད་པ་བསྟུན་ནས་ལུས་སྟེང་གི་ནཱ་གཙོ་བྱས་པའི་གློག་འབྱེད་རྫས་ཇེ་ཉུང་དུ་འགྱུར་ཞིང་། ཁྲག་རྒྱུན་ནང་གི་ཚྭ་ཚད་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་དང་། ལུས་ཕུང་གི་ཆུ་བསྡུ་ལེན་བྱེད་ཚད་དེ་དང་བསྟུན་ནས་ཇེ་དམར་འགྲོ་ལ། ད་དུང་ཆུ་ཁ་ཤས་དེ་མ་ཐག་ཕུང་གྲུབ་ཕྲ་ཕུང་ནང་དུ་བསྡུ་ལེན་བྱས་ནས་ཕྲ་ཕུང་ཆུ་སྐྲངས་ཆགས་སྲིད། ཆུ་དུག་ཕོག་ན་མགོ་ཡུ་འཁོར་ཞིང་མིག་རབ་རིབ་ཏུ་འགྱུར་བ། ལུས་ཤུགས་མེད་པ། སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་སོགས་རྟགས་མང་པོ་འབྱུང་ལ། རྩ་འཁུམ་འབྱུང་བ་དང་དྲན་ཤེས་ཉམས་པ་སོགས་བྱེད་སྲིད།

ཆུའི་འཐུང་ཚད་ཀྱང་བྱེ་བྲག་གིས་ཐག་གཅོད་དགོས།

མི་རེ་རེའི་འགུལ་སྐྱོད་བྱེད་ཚད་དང་རྔུལ་ཆུ་བཞུར་ཚད་མི་འདྲ་བ་ལྟར། ཆུའི་འཐུང་ཚད་ཀྱང་མི་གཅིག ཆུ་འཐུང་དགོས་མིན་དེ་རང་ཉིད་ཀྱི་དགོས་མཁོ་ལྟར་ཐག་གཅོད་དགོས་ཏེ། ཁ་སྐོམ་པ་དང་། ཁ་ཤ་སྐམ་པ། སེན་མོའི་སྟེང་དུ་ཤུར་འཐེན་པ་སོགས་ནི་ཆུ་འཐུང་ཚད་ཉུང་བའི་རྟགས་ཡིན་པས། དུས་ཐོག་ཏུ་ཆུ་འཐུང་དགོས་ཤིང་། ཁ་སྐོམ་ན་མ་གཏོགས་མི་འཐུང་བ་གཏན་ནས་བྱེད་མི་རུང་། མི་རྣམས་ཀྱིས་རང་གི་དྲི་ཆུའི་མདོག་ལ་བལྟས་ནས་ཆུ་འཐུང་དགོས་མིན་བརྟག་ཆོག སྤྱིར་དྲི་ཆུའི་མདོག་སྐྱ་བོ་ཡིན་ན་ཆུ་འཐུང་ཚད་མང་བའི་རྟགས་ཡིན་པ་དང་། གལ་ཏེ་མདོག་ཅུང་སེར་ནག་ཡིན་ན་ཆུ་མང་པོ་འཐུང་དགོས་པའི་རྟགས་ཡིན། ཆུ་འཐུང་ནའང་གཤམ་གྱི་གནད་དོན་འདི་དག་ལ་མཉམ་འཇོག་བྱེད་དགོས།

གཅིག  ཆུ་འཐུང་བ་མགྱོགས་མི་རུང་། ཆུ་འཐུང་བ་མགྱོགས་དྲགས་ན་དགག་སྒྲེགས་རྒྱག་པའམ་ཕོ་བ་སྦས་སླ། དེ་བས་ཆུ་འཐུང་སྐབས་དལ་མོར་འཐུང་དགོས།

གཉིས། དགོང་མོ་གཉིད་ཁར་ཆུ་ཉུང་ཙམ་འཐུང་བ་དང་ནངས་མོར་སད་རྗེས་མང་དུ་འཐུང་དགོས། དགོང་མོ་གཉིད་ཁར་ཆུ་མང་པོ་འཐུང་ན་མིག་སྐྱི་སྐྲངས་པ་དང་། གཅིན་མང་བས་གཉིད་སྐྱིད་པོར་རོལ་མི་ཐུབ། དེ་ལས་ལྡོག་སྟེ། ཞག་གང་བོར་གཉིད་ལོག་ན་ལུས་སྟེང་གི་ཆུ་ཧ་ལམ་ཧའོ་ཧྲིན 450ཙམ་ཕྱིར་ཕུད་ཟིན་པས། ཞོགས་པར་ཆུ་འཐུང་དགོས། དེར་བརྟེན་ཞོགས་པར་མལ་ལས་ལངས་རྗེས་ལྟོ་སྟོང་དུ་ཆུ་ཕོར་བ་གང་འཐུང་ན་ཁྲག་རྒྱུན་འཁོར་སྐྱོད་བྱེད་པར་ཕན་པར་མ་ཟད། ཀླད་པ་ཇེ་གསལ་ཏུ་གཏོང་ཐུབ།

གསུམ། ཆུ་ཁོལ་ནི་བཏུང་བྱའི་མཆོག་ཡིན། གདུ་བཞིན་པའི་ཆུ་ཁོལ་ལམ་ཡང་ན་གདུས་ནས་སྐར་མ་གསུམ་ཙམ་འགོར་བའི་ཆུ་ཁོལ་གྱིས་ཆུའི་ནང་གི་མི་གཙང་བ་དང་གནོད་ལྡན་དངོས་རྫས་རྣམས་དོར་ཟིན་པས་དེ་འཐུང་ན་ཆེས་བཟང་། རང་འབབ་ཆུ་དང་ཡང་ན་བསྐོལ་མེད་པའི་ཆུ་འཐུང་ན་ལྒང་བུའི་འབྲས་དང་གཞང་འབྲས་སོགས་ནད་རིགས་འབྱུང་ཚད་ཇེ་མང་དུ་གཏོང་སྲིད།

བཞི། ཆུ་འཐུང་བའི་དུས་ཚོད་ཆེས་ལེགས་པ་གང་ཡིན་པ་དེ་ཤེས་དགོས། ཐེངས་དང་པོ་ནི་ཞོགས་པར་མལ་ལས་ལངས་རྗེས་ཡིན། སྐབས་དེར་ཁྲག་རྒྱུན་ནང་དུ་ཆུ་མཁོ་བ་ཡིན། ཐེངས་གཉིས་པ་ནི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་ཡིན། སྐབས་དེར་འཐུང་ན་བྱ་བ་སྒྲུབ་སྐབས་རྔུལ་ཆུ་ཕྱིད་ཕུད་པ་དེར་ཁ་གསབ་བྱེད་ཐུབ། ཐེངས་གསུམ་པ་ནི་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་ཡིན། ཐེངས་བཞི་བ་ནི་དགོང་མོ་གཉིད་ཁ་ཡིན། དགོང་མོར་གཉིད་པའི་སྐབས་སུ་ཁྲག་རྒྱུན་གྱི་གར་ཚད་ཇེ་མཐོར་འགྲོ་སྲིད་པས། གལ་ཏེ་འོས་འཚམ་གྱིས་ཆུ་ཉུང་ཙམ་འཐུང་ན་ཁྲག་རྩ་ཇེ་ཆེར་བཏང་ནས་ལུས་ཕུང་བདེ་ཐང་ལ་ཕན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།